སེམས་གཏམ།

གསུམ་བཅུའི་དུས་དྲན།
                                  རིགས་གྲོལ།

ནམ་མཁའ་སྤྲིན་གྱིས་བསྒྲིབས་པའི་ལོ་ཟླ་འདིར།།
ཉི་ཟླ་བཙན་གྱིས་བདས་པའི་ལོ་རྒྱུས་བཞག།
གངས་སེང་གནམ་ལ་འགྱིང་བའི་དར་ཆ་དེ།།
གངས་རིའི་སྟེང་ནས་སུ་ཡིས་ཕབ་སོང་ཨང་།།

ས་གཞི་སྨག་ལ་ཐིམ་པའི་དུས་ཚིགས་འདིར།།
ཞི་བ་དྲག་པོས་བཅོམ་པའི་དྲན་གསོ་ཡོད།།
མུན་པའི་དུར་ཁང་རོ་ཡིས་བཀང་པ་དེ།།
སུ་ཡི་རུས་ཀྱི་སེང་ནས་ཡལ་ཕོད་དམ།།

ཕོ་བྲང་འབོམ་གྱིས་གཏོར་བའི་དུས་ཚོད་འདིར།།
ཐལ་རྡུལ་མཁའ་ལ་ཁྱབ་པའི་ནག་ཉེས་བཞག།
སྐུ་གསུང་ཐུགས་རྟེན་སྙིགས་སུ་བསྒྱུར་བ་ཡི།།
དྲན་ཐོ་ནག་པོ་འདི་ནི་སུ་ཡིས་བརྗེད།།

ཐམས་ཅད་བཙན་གྱིས་བཀོལ་བའི་དུས་ངན་འདིར།།
བདག་གི་ཕ་ཁྱིམ་སུ་ཡིས་བསྙིལ་སོང་ངམ།།
མི་རབས་སྟོང་གིས་མེས་པོའི་ཞབས་རྗེས་དག།
གང་གིས་ནག་སུབ་བཏང་བ་བརྗེད་མི་རུང་།།

བྱ་ཁྲ་ཡུལ་ལ་ཐོན་པའི་དགོང་ཁ་འདིར།།
བྱ་བྱེའུ་ཚང་ནས་བྲོས་པའི་བྱུང་རབས་བྲིས།།
ལོ་ངོ་སྟོང་ལ་བསགས་པའི་ནོར་རྫས་དག།།
སུ་ཡིས་འཕྲོག་པ་ཇི་ལྟར་བརྗེད་ཐུབ་ཨང་།།

ཅེ་སྤྱང་ཁྱིམ་དུ་འཛུལ་བའི་ཞོགས་པ་འདིར།།
ཕ་མ་དམར་གསོད་བྱས་པའི་སྨྲེང་གླུ་བྲིས།།
ཁྲག་གིས་ཆུ་བོ་བཞུར་བའི་རྗེས་ཤུལ་ན།།
ད་ཕྲུག་བདག་མེད་དེ་ཚོས་ཅི་ཞིག་མྱངས།།

བདུད་རྒན་དངོས་སུ་བསླེབས་པའི་ཉིན་མོ་འདིར།།
ཕུ་ནུ་མིང་སྲིང་ཇི་ཙམ་ཁྲིད་སོང་ངམ་།།
ཐམས་ཅད་ངུ་སྒྲས་ཁེངས་པའི་དུས་ཚོད་དེར།།
ང་ཡི་རང་དབང་སུ་ཡིས་ཁྱེར་སོང་ངམ།།

བཙན་དབང་མེ་མདས་སྲུང་བའི་ལོ་ཟླ་འདིར།།
རི་ཀླུང་ནགས་ཚལ་ཐམས་ཅད་དམར་པོར་བྲེག།
འཚོ་བའི་གཞི་རྟེན་བཙན་གྱིས་འགོག་པ་དག།
སུ་ཡི་བྲང་རུམ་དཀྱིལ་ནས་བཟོད་ཐུབ་བམ།།   

སྡུག་གི་ཀི་སྒྲ་འདེབས་པའི་ཉིན་མོ་འདི།།
ཇི་ཙམ་བར་དུ་འདི་ལྟར་འགྲོ་རྒྱུ་ཨང་།།
རེ་བའི་རྨི་ལམ་ཉིན་དང་མཚན་རྨིས་པ།།
ཀྱེ་མ་ནམ་ཞིག་མངོན་དུ་འགྱུར་སྲིད་དམ།།
 
ངུ་སྒྲའི་དབྱངས་རྟར་བཞོན་པའི་ཉིན་མོ་འདི།།
ཇི་ཙམ་བར་དུ་འདི་ལྟར་བརྒྱུག་དགོས་ཨང་།།
ཀུན་ཀྱི་སེམས་ལ་ཉར་བའི་མེ་ཏོག་འདི།།
ཀྱེ་མ་ནམ་ཞིག་ས་གཞིར་བཞད་རྒྱུ་ཨང་།།
                              ༢༠༡༦།༠༣།༡༠ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།