ཆུ་བོ་ཐུར་རྒྱུག །ཆུ་རགས་གྱེན་བརྩིགས།

ཆུ་བོ་ཐུར་རྒྱུག  །ཆུ་རགས་གྱེན་བརྩིགས།
( གྲགས་ཅན་སྙན་ངག་པ་ཞིག་གིས་གང་ཟག་གཞན་གྱི་སྙན་ངག་ལ་དཔྱད་གླེང་བྱས་པ་ཞིག་བཀླགས་རྗེས་ཀྱི་ཚོར་སྣང་།)

ཆུ་བོ་ཞིག་མཛེས་སྡུག་ངང་ཤང་ཤང་རྒྱུག་བཞིན་འདུག།
རྐྱལ་འདོད་ཅན་ཐག་རིང་ནས་ཧུར་ཧུར་བལྟས་ནས་འདུག།
རྐང་འགོ་ཙམ་ཆུ་ནང་དུ་གཞུག་རྒྱུར་མ་བཟོད་ན།།
གཏིང་ཚད་ལ་འོལ་ཚོད་ཀྱིས་འཇལ་བ་ངོ་མཚར་རོ།།

ཉ་མོ་ཡིས་ཆུ་ནང་དུ་རྩེ་བ་དོན་དངོས་འདིར།།
ཉ་པ་ཡིས་འཕྲུལ་སྣང་གིས་འཛིན་པའི་ལྟད་མོ་རྒོད།།
ཉ་འཛིན་གྱི་ལྕགས་ཀྱུ་ཙམ་ལག་པས་མ་འཇུས་པར།།
ཉ་གཤོག་གི་མཉེན་མཐུག་སྐོར་གླེང་འདི་ཡ་མཚན་ཨང་།།

རུས་སྦལ་ལ་རྐང་ལག་ཀྱང་ཡོད་པ་མ་ཤེས་པས།།
རུས་སྐོགས་ཀྱིས་ཆུ་བོ་ལ་འཇུག་པ་མིན་ནམ་སྙམ།།
རུས་ཚིགས་ལ་མཛུབ་མོ་ཡིས་བསྟན་ནས་བཟང་ངོ་ཞེས།།
རུས་གོང་ལ་རེ་བ་ཙམ་བྱེད་པ་ཐབས་ཆག་གོ།།

རླུང་བུ་ཡིས་རླབས་རིས་སུ་བྲིས་པ་མ་རྟོགས་ནས།།
ཆུ་བོ་ལ་གཉེར་མ་ཡང་ལྡན་ཞེས་འུར་སྟངས་འདི།།
གཏམ་རྒྱུད་ལྟར་བཤད་ཡམ་དུ་གྱུར་བའི་ངག་འཁྱལ་སྟེ།།
སུ་ཞིག་གི་རྣ་བུག་ལ་འཇམ་པ་ཡོད་ན་ཐང་།།

མཁའ་དབྱིངས་ནས་བྱ་བྱིའུ་ཡིས་རྩེན་པའི་རྒྱུ་མཚན་ནི།།
འབུ་སྲིན་ལ་ཟ་འདོད་ཀྱིས་འཁོར་བ་ཨེ་ཡིན་ནམ།།
ཞི་བ་དང་འཇམ་པ་ཡིས་བརྒྱན་པའི་ངོ་མཚར་ལ།།
རྩེ་འདོད་དང་དགའ་བ་ཡིས་ཆགས་པ་མ་ཡིན་ནམ།།

ཕ་མཐའ་དེ་ཅི་ཞིག་ལ་ཐུག་པ་ཨེ་ཤེས་སམ།།
དེ་ཙམ་ན་བྱེ་ཐང་ཡང་ཡོད་པ་ཨེ་མཐོང་ངམ།།
ཚུར་རོལ་གྱི་མཛེས་པ་དག་མིག་གིས་རིག་ཙམ་གྱིས།།
སྲོལ་རྒྱུན་ལྟར་རིགས་འདྲེ་ཡིས་སྦྱོར་བ་མི་མཛེས་སོ།།

ཆུ་འགོ་ན་འབྱུང་ཁུངས་ཤིག་ཡོད་པ་ཤེས་ན་ཡང་།།
ཆུ་རྐེད་ནས་དྲི་མ་ཡིས་ལྷད་ཚུལ་མ་རྟོགས་ན།།
ཆུ་མཐའ་དེ་ཅི་ཞིག་ལ་ཐུག་པའི་རྗེས་དཔག་གིས།།
ཆུ་ཆེན་ལ་ཀུ་རེ་ཡིས་རྩེ་བ་སྐྱོ་ཙམ་བྱུང་།།

ནམ་མཁའ་ན་དཀོན་མཆོག་གི་གནས་ཞེས་བསྙད་ན་ཡང་།།
ཁ་དོག་དེ་ཆུ་བོ་ཡིས་བྱས་པ་མ་ཚོར་རམ།།
སྟོང་སྐུ་དག་རྡུལ་གཅིག་སྟེང་གནས་པ་བདེན་འགྱུར་ན།།
ལྦུ་བ་དག་སྐྱབས་ཡུལ་དུ་བཟུང་ན་མི་འགྲིག་གམ།།
2018/04/25 ཉིན། རིགས་གྲོལ།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།