ཁྱི་རྒུ།

ཁྱི་རྒུ།

འཇིག་རྟེན་འདི་ན་འཚོ་གནས་བྱེད་བཞིན་པའི་འགྲོ་བ་དག་ལ་རིགས་སྣ་ཚོགས་མཆིས་ཤིང་། ལ་ལ་ནི་དབང་ཐང་དང་སྟོབས་ལ་དགའ་བ་དང་། རེ་འགའ་གཞན་དོན་འབའ་ཞིག་ལ་བརྩོན་པ། འགའ་ཞིག་ནི་རང་ཉིད་ཅི་ཞིག་གི་ཕྱིར་དུ་འཚོ་གནས་བྱེད་བཞིན་པ་ཡང་མ་རྟོག་པ། ཁ་ཤས་ནི་གཞན་རྟེན་གྱི་ཀུན་སྤྱོད་འོག་ན་རང་ཉིད་ལ་རང་དབང་སྤུ་ཙམ་མེད་པར་གནས་པའང་ཡོད། དེ་དག་ལས་ཁྱི་ཟེར་བ་ཆེས་ཡ་མཚན་པ་དང་། རྟོགས་དཀའ་བའི་རིགས་ཤིག་རེད།
         ཁྱི་ནི་རྟག་ཏུ་དོན་མེད་ཟུག་རྒྱུར་དགའ་ཞིང་། ཉམ་ཆུང་གི་མདུན་ན་ངར་ངར་དང་། མཆེ་བ་གཙིགས། དབང་དང་སྟོབས་འབྱོར་ཅན་གྱི་མདུག་ན་གུད་གུད་དང་ཞུམ་ཞུམ་བྱེད་པར་སྤྲོ། ཁོ་ཚོས་ཟས་ལྷག་དང་འཐུང་ལྷག་སྟེར་ན་རྣ་བ་ཟུང་སྙལ་སྙལ་དང་། མཇུག་མ་གཡུག་གཡུག་གིས་རྣམ་འགྱུར་བསྟན་ཞིང་། ཅུང་ཟད་རིང་སར་ཐོན་ན་མཇིང་པ་སྦོམ་སྦོམ་གྱིས་ཟུག་པར་བྱེད།
  ཁོ་ཚོ་ཕལ་ཆེ་བ་གཞན་གྱི་བྲན་གཡོག་དང་། གཞན་གྱི་བཀོལ་སྤྱོད་འོག་ཏུ་ཡོད་ཀྱང་། ད་དུང་རང་ཉིད་ཆེན་པོ་དང་མཐོ་ས་ཞིག་ཏུ་ཡོད་པར་བརློམས་ཏེ། རྒྱུན་དུ་ང་རྒྱལ་གྱི་རི་བོ་བཞེངས་རྒྱུར་དགའ། གཞན་གྱིས་ཤ་ཚའི་སློབ་གསོ་བྱས་ན་གཡང་གཟར་གྲོག་རོང་ལ་གཡུགས་པ་ལྟ་བུའི་ཚོར་སྣང་སྐྱེ་ཞིང་། དེ་དག་དགྲ་ཡི་དྭངས་མར་འཛིན་ཏེ། གོ་སྐབས་རག་ན་རྒྱབ་ངོས་ནས་རྨུག་པར་བྱེད། མཚམས་རེར་ཁོ་ཚོས་མདུན་ནས་མགོ་བོ་སྒུར་སྒུར་བྱེད་ཀྱང་། རྒྱབ་ཕྱོགས་ནས་འཇབ་སྟེ་རྨུག་པར་ངེས།
            ཁོ་ཚོའི་ཁྱད་ཆོས་ལེགས་ཤོས་ནི་སྦྱིན་བདག་གི་མདུན་ན་འཛུམ་དམུལ་དམུལ་ལྟ་བུ་བྱེད་པ་རེད་ཀྱང་། རང་ཉིད་ཀྱི་མངོན་འདོད་དང་མ་མཐུན་པའི་སྐབས་སུ་སྦྱིན་བདག་ལ་ཡང་རྨུག་པར་ངེས་ལ། ཐག་རིང་ཞིག་ལ་བྱོལ་ཏེ། ཁ་ཕྱིར་འཁོར་ནས་ཟུག་པར་བྱེད། རྒྱུན་དུ་ཁོ་ཚོས་ནང་ཁུལ་དུ་འཆམ་པོ་ཡོད་པའི་རྣམ་འགྱུར་སྟོན་ཡང་། རུས་པ་དང་ཤ་ཁུའི་དོན་དུ་ནང་འཛིང་བྱེད་དུས་ངོ་ཚ་དང་ཁྲེལ་སྤུ་ཙམ་མེད་པར། ཁོར་ཡུག་ཀུན་གྱི་ཞི་བདེ་དང་། ཁུ་སིམ་གཏོར་བཤིག་གཏོང་གི་ཡོད།
    སྤྱིར་ན་ཁོ་ཚོ་སྤྱི་ཚོགས་སེམས་ཅན་ཞིག་ཏུ་རློམ་ཡོད་པས་ཚོགས་སྡེ་དང་། དཔུང་རོགས་སྒྲིག་རྒྱུར་དགའ་ཡང་། དོན་དུ་རང་ཉིད་ཁོ་ནའི་ཁེ་ཕན་གྱི་ཆེད་དུ་རྒྱུག་པ་ལས། ཚོགས་པ་དང་རོགས་པ་ཡལ་པོར་འདོར་མཁན་གྱི་འགྲོ་བ་ཞིག་རེད།
             ༢༠༡༧།༡༡།༠༤ ཉིན། རིགས་གྲོལ།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།