དཔལ་ལྡན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་།

དཔལ་ལྡན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་།


བཞི་པ། (དཔལ་ལྡན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་གི་ད་ལྟའི་དགོན་བདག་ལོ་སེམས་དཔའ་སྤྲུལ་སྐུའི་སྐྱེས་རབས་དང་། སྐུ་ཕྲེང་རིམ་བྱོན།)

བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ལོ་སེམས་དཔའ་སྐྲུལ་སྐུའི་སྔར་བྱོན་སྐྱེས་རབས་ཇི་ལྟར་བྱོན་ཚུལ་ནི།  ཐོག་མར་འཕགས་པ་སྤྱན་རས་གཟིགས་ཁ་སར་པ་ཎིའི་སྤྲུལ་པ། དེ་ཡང་འཕགས་མཆོག་སྤྱན་རས་གཟིགས་ཁ་སར་པ་ཎི་བོད་ཁ་བ་གངས་ཅན་གྱི་འགྲོ་དོན་མཛད་ཕྱིར་སྤྲུལ་པ་ཕེབས་པར་གྲགས། གཉིས་པ། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཤཱཀྱ་ཐུབ་པའི་སྐུ་དུས་སུ་བྱོན་པའི་རྒྱལ་པོ་བྱང་ཆུབ་སེམས་པ་དྲི་མེད་གྲགས་པ།
གསུམ་པ། ཡང་སྤྲུལ་པདྨ་དགྱེས། བཞི་པ། གནས་བརྟན་བཅུ་དྲུག་ནང་གི་འཕགས་པ་ཡན་ལག་འབྱུང་། ལྔ་པ། ཨོ་རྒྱན་ཡུལ་གྱི་རྒྱལ་པོ་སངས་རྒྱས་འཛིན། དྲུག་པ། གྲུབ་ཆེན་བརྒྱད་ཅུའི་ནང་ཚན་གྲུབ་ཆེན་ཛི་བདག་རོལ་པ། བདུན་པ། རྒྱལ་སྲས་རིན་ཆེན་སངས་རྒྱས། བཅས་འཕགས་ཡུལ་དུ་སྐྱེས་རབས་རིམ་པར་བྱོན་པ་དང་། བོད་ཡུལ་ན་བྱོན་པ།  བཀའ་གདམས་པའི་གྲུབ་མཐའ་འཛིན་པ་དགེ་བཤེས་ཁ་རག་སྒོམ་བྱུང་བ། བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པ་རྗེ་བཙུན་དུས་གསུམ་མཁྱེན་པ་ཀརྨ་སྐུ་ཕྲེང་དང་པོ། རྗེ་བདག་ཉིད་ཆེན་པོར་འཇམ་དབྱངས་ཀྱི་ཆོས་སྐོར་གསུངས་པ་འཇམ་དབྱངས་དབུ་མ་པ། ས་སྐྱའི་བསྟན་པ་འཛིན་པ་ཤར་ཆེན་ཡེ་ཤེས་རྒྱལ་མཚན། བླ་མ་ལེགས་པ་རྒྱལ་མཚན། བཅས་རིམ་པར་བྱོན། ( གླིང་སྒྲུང་ནང་ནི་བཀའ་བློན་ལྡན་མ་བྱང་ཁྲ་ཡང་ཡིན་པར་གསུངས། )
དེ་རྗེས་བྱང་སེམས་བདེ་མོ་ཐང་པ་བློ་གྲོས་རྒྱལ་མཚན། འདི་པ་ནི་རྗེ་ཙོང་ཁ་པའི་སློབ་མ་ནམ་མཁའི་སྐར་ཚོགས་ལྟ་བུའི་ནང་ནས་གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་དྲུག་དང་། གཉིས་རྩི་ཚུལ་མི་འདྲ་བ་ཡོད་པའི་ཡ་གྱལ་ཞིག་ཡིན། དེ་ཡང་ཁོང་གི་འཁྲུངས་རབས་དང་། མེས་པོའི་ཞལ་རྒྱུན་ལྟར་ན་རྗེ་བདག་ཉིད་ཆེན་པོས། དངོས་སློབ་རྣམས་ལ་བོད་ལ་དགོན་པ་བརྒྱ་དང་བརྒྱད་དང་། བྱམས་པ་བརྒྱ་དང་བརྒྱད་བཞེངས་དགོས་པར་འདུག་སུས་ནུས་ཞེས་བཀའ་བསྩལ་པར། འདི་པ་ཡར་བཞེངས་ནས་བདག་གི་ནུས་ཞུས་པར། རྗེས་སེམས་དཔའ་ཆེན་པོ་ཞེས་མཚན་གསོལ་གནང་བ་དང་། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ལོ་སེམས་དཔའ་བློ་གྲོས་རྒྱལ་མཚན་ལ་གནང་ནས་བདག་པོར་མངའ་གསོལ་ཏེ། བོད་ཡུལ་དུ་ལམ་རིམ་འཆད་ཉན་བྱེད་མཁན་ཡོད་ཚད་ལོ་སེམས་དཔས་བཞེངས་པའི་འཆུམས་ཉི་ལྡིང་དགོན་པར་འཛོམས་ནས་འཆད་ཉན་བྱ་དགོས་པའི་བཀའ་བསྩལ་འདུག། དེ་ནས་སེམས་དཔའ་སྐུ་ཕྲེང་བདུན་པ་བར་ལམ་རིམ་གྱི་བདག་པོར་གྱུར་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཆོས་བྱུང་བེ་སེར་ནང་གསལ།

ལོ་སེམས་དཔའ་སྐུ་ཕྲེང་རིམ་བྱོན།

སྐུ་ཕྲེང་དང་པོ། ལོ་སེམས་དཔའ་བློ་གྲོས་རྒྱལ་མཚན། སྐུ་ཕྲེང་གཉིས་པ། སེམས་དཔའ་ཆེན་པོ་སྨོན་ལམ་བློ་གྲོས། སྐུ་ཕྲེང་གསུམ་པ། སེམས་དཔའ་ཆེན་པོ་གྲགས་པ་རྒྱལ་མཚན། སྐུ་ཕྲེང་བཞི་པ། སེམས་དཔའ་ཆེན་པོ་ངག་དབང་ཆོས་ཀྱི་རྒྱ་མཚོ། སྐུ་ཕྲེང་ལྔ་པ། སེམས་དཔའ་ཆེན་པོ་ངག་གི་དབང་ཕྱུག   སྐུ་ཕྲེང་དྲུག་པ། སེམས་དཔའ་ཆེན་པོ་ངག་དབང་ཕུན་ཚོགས་བསོད་ནམས་དཔལ་བཟང་། སྐུ་ཕྲེང་བདུན་པ། སེམས་དཔའ་ཆེན་པོ་མཐུ་སྟོབས་དབང་ཕྱུག་གྲགས་པ་རྒྱལ་མཚན། འདི་བར་གྱིས་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོའི་བདག་པོ་མཛད་པར་གྲགས།
སྐུ་ཕྲེང་བརྒྱད་པ། སེམས་དཔའ་ཆེན་པོ་བློ་བཟང་བཤེས་གཉེན་གྲགས་པ་རྣམ་རྒྱལ། མཚན་གཞན་ལ་སེམས་དཔའ་སྨྱོན་པ། འཁྲུང་ས་ལོ་གསེར་ཁང་འོག་མ།
སྐུ་ཕྲེང་དགུ་པ། སེམས་དཔའ་ཆེན་པོ་ཐུབ་བསྟན་ཉིན་བྱེད་གྲགས་པ་རྒྱ་མཚོ། མཚན་གཞན་ལ་སེམས་དཔའ་རྡོ་རིང་ཅན། འཁྲུང་ས་གཟིམ་ཤག་རྡོ་རིང་།
སྐུ་ཕྲེང་བཅུ་པ། སེམས་དཔའ་ཆེན་པོ་སྤྲུལ་སྐུ་བཤེས་གཉེན་རྒྱ་མཚོ། སྐུ་ཕྲེང་བཅུ་གཅིག་པ། སེམས་དཔའ་ཆེན་པོ་བློ་བཟང་ཐུབ་བསྟན་བཤེས་གཉེན་གྲགས་པ་རྒྱ་མཚོ། སྐུ་ཕྲེང་བཅུ་གཉིས་པ། སེམས་དཔའ་ཆེན་པོ་བློ་བཟང་བཤེས་གཉེན་རྒྱ་མཚོ། སྐུ་ཕྲེང་བཅུ་གསུམ་པ། སེམས་དཔའ་ཆེན་པོ་རྗེ་བཙུན་ངག་དབང་ལུང་རིགས་ཆོས་འབྱོར་རྒྱ་མཚོ། འཁྲུང་ས་ལོ་ཀ་ཁ་གསག་གཟིམ་ཁང་།
སྐུ་ཕྲེང་བཅུ་བཞི་པ། སེམས་དཔའ་ཆེན་པོ་བློ་བཟང་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ། འཁྲུང་ས་རབ་གསལ་བཙན་ཁང་རེད་ཟེར།
སྐུ་ཕྲེང་བཅོ་ལྔ་པ། སེམས་དཔའ་ཆེན་པོ་ངག་དབང་བློ་བཟང་བསྟན་འཛིན་དགེ་ལེགས་ཆོས་ཀྱི་དབང་ཕྱུག། འཁྲུང་ས་འབྲི་གུང་ཡང་རི་སྒར། ཁོང་ལ་ཡོངས་འཛིན་གཉིས་བྱུང་བ་ནི། ལྡན་མ་བློ་ཆོས་རིན་པོ་ཆེ་དང་། ཨ་མདོ་སྤྲུལ་སྐུ་ངག་དབང་བློ་གྲོས་བསྟན་པ་གཉིས་ཡིན།།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།