རྒྱན་གྱི་བསྟན་བཅོས་ལས་ཟུང་ལྡན་རྒྱན་གྱི་ངོ་བོ་ལ་རགས་ཙམ་བལྟས་པ།


སྔོན་དུས་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་པའི་མཁས་པའི་ཕུད་ལྟ་བུ་དཔལ་ལྡན་འཕགས་པ་ཀླུབ་གྲུབ་ཞབས་ཀྱིས།ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར།།ཞེས་ལེགས་པར་གསུངས་པའི་ཚིག་རྐང་ཐོག་མ་གཉིས་ཀྱིས་བསྟན་པ་བཞིན། འཇིག་རྟེན་འདི་ན་གནས་འདུག་བྱེད་པའི་མི་ཞེས་བྱ་བའི་འགྲོ་བ་དག་གིས་ཕན་ཚུན་འབྲེལ་ལམ་ངག་གམ་སྐད་ཐོག་ནས་བྱ་བའི་འགོ་མོ་ནམ་ཚུགས་པའི་དུས་ཚིགས་དེ་ནས། མི་ཡིས་གྲུབ་པའི་སྤྱི་ཚོགས་ཆེན་པོ་ཞིག་ན་སྐད་བརྡ་དང་། ཐ་སྙད་ནི་ཆེས་མེད་དུ་མི་རུང་བའི་འགྲེལ་ལམ་གྱི་ལྡེ་མིག་ལྟ་བུར་གྱུར། སྐབས་དེ་ནས་མི་ཚོས་གནད་དོན་ཇི་འདྲ་ཞིག་གི་དོན་འགོ་གླེང་ཡང་དེ་ལ་རན་པའི་ཐ་སྙད་དང་མིང་ཚིག་གང་མང་ཞིག་ངང་ངམ་གྱིས་གྲུབ་པའམ། རྩོལ་བས་གསར་བསྐྲུན་བྱེད་དགོས་པ་བྱུང་འདུག །

ཐ་སྙད་དེ་དག་གྲུབ་རྗེས་སྤྱི་ཚོགས་ཆེན་པོ་ཞིག་གིས་མགྲིན་དབྱངས་གཅིག་ལྟ་བུར་རྒྱུན་སྤྱོད་བྱེད་འགོ་ཚུགས། འོན་ཀྱང་ནམ་ཞིག་ནས་སྤྱི་ཚོགས་ཆེན་པོ་དེ་ཤིང་སྡོང་གི་ཡལ་འདབ་རྒྱས་པ་བཞིན་རིགས་དང་། ཚོགས་སྡེ་ཆེ་ཆུང་མང་པོ་ཞིག་ཏུ་གྱེས་ཞིང་། མི་རིགས་ཀྱི་ཁྱད་པར་མང་པོ་ཞིག་བྱུང་། མི་རིགས་ལ་བྱེ་བྲག་གི་ཁྱད་པར་དེ་ལྟར་མང་པོ་ཞིག་བྱུང་རྗེས་སྐད་བརྡ་དང་དེའི་ཐ་སྙད་ལ་ཡང་མི་འདྲ་བ་མང་པོ་ཞིག་བྱུང་། དེར་རྟེན་བར་སྐབས་ཤིག་ནས་མིའི་རིགས་དང་མིའི་རིགས་ཀྱི་བར་ན་ཕན་ཚུན་ངག་ཐོག་ནས་འབྲེལ་འདྲིས་བྱུ་རྒྱུར་དཀའ་ངལ་ཆེན་པོ་ཞིག་གྱུར་སོང་བ་རེད།
 གང་ལྟར་མིའི་རིགས་འདུ་སྡོད་བྱ་བའི་སྤྱི་ཚོགས་གང་མང་ཞིག་ལ་མིང་བརྡ་དང་། ཐ་སྙད་ཀྱི་གཞི་རྩ་ལེགས་མོ་ཞིག་ཚུགས་མཚམས་མི་ཚོས་ངག་སྐད་ཁོ་ནས་འབྲེལ་འདྲིས་བྱེད་པར་ཡི་མ་རང་པའམ། ཡང་ན་དེ་ཁུངས་འཁྱོལ་བ་ཞིག་ཏུ་མ་མཐོང་བས་རིམ་པས་སོ་སོའི་སྐད་བརྡ་དེ་རི་མོར་འགོད་ཐབས་ལ་འབད་བརྩོན་གང་མང་བྱས། ཡིད་ལུས་ཀྱི་འབད་བརྩོན་དེ་ལོ་རབས་ནས་ལོ་རབས་རྒྱུད་མཐར། སྤྱི་ཙོགས་བྱེ་བྲག་པ་རེ་རེར་ངག་རིས་སམ་ཡི་གེའི་གཟུགས་མཚར་པོ་རེ་གྲུབ་འདུག །དེ་རྗེས་སྤྱི་དང་བྱེ་བྲག་པ་རེ་རེ་ན་དགོས་དབང་གིས་ཐ་སྙད་མང་པོ་གསར་དུ་འབྱུང་བཞིན་ཡོད་པས་དེ་དག་ཡོངས་སུ་རྫོགས་པ་སྐྱེས་བུ་རང་འགའ་བ་རེ་རེའི་རྒྱུན་སྤྱོད་དུ་འགྲོ་བ་ནི་མ་ངེས་ཤིང་། གནད་དོན་གསར་པ་རེ་ཡོང་དུས་དེའི་ཐོག་ཏུ་གླེང་སློང་བྱ་རྒྱུ་གང་ཟག་མང་པོར་དཀའ་ཁག་ཏུ་འགྱུར་བཞིན་ཡོད། དེ་ནི་གནད་དོན་དེ་དང་འབྲེལ་བའི་མིང་ཚིག་དང་ཐ་སྙད་དག་ཁོ་ཚོར་གསར་པ་ཡིན་པས་རེད་འདོད། འོན་ཀྱང་ང་ཚོས་གནད་དོན་ཇི་འདྲ་ཞིག་གླེང་ཡང་ཐོག་མར་ཐ་སྙད་ནས་གླེང་རྒྱུ་གལ་ཆེའི་རང་བཞིན་ཡིན་ཞིང་ཐ་སྙད་དང་ཐ་སྙད་ཀྱི་དོན་མ་ཤེས་ན་འགལ་འཛོལ་ཇེ་སྙེད་ཅིག་ཡོང་ངེས་ཡིན། དེ་ན་བདག་གིས་འདི་རྒྱན་གྱི་བསྟན་བཅོས་ལས་ཟུང་ལྡན་རྒྱན་གྱི་ཐ་སྙད་ཀྱི་དོན་ལས་འཕྲོས་ཏེ་ངོ་བོ་ལ་རགས་ཙམ་བལྟ་བར་བྱའོ།

ཟུང་ལྡན་ཞེས་པ་ཇི་འདྲ་ཞིག་ལ་གོ
          ཟུང་ལྡན་ཞེས་པའི་རྒྱན་དེ་ཇི་འདྲ་ཞིག་ལ་གོ་མིན་ནི་ཐོག་མའི་བྱེད་པོས་ཇི་འདྲ་ཞིག་ལ་འདོད་མིན་དང་། དེས་ཅིའི་ཕྱིར་མིང་དེ་ལྟར་བཏགས་མིན་ལ་ལྟོས་ནས་བཤད་དགོས་པ་ལས། དེ་མིན་དེ་ལས་འགལ་ནས་རང་འདོད་ཀྱིས་གང་དྲན་ལྟ་བུ་ཞིག་བཤད་པ་ནི་མི་འཐད་པར་འགྱུར་རྒྱུ་ནི་དངོས་པོ་རང་རང་གི་གཤིས་ལུགས་སུ་གྱུར་ཡོད་ཀྱང་། སྔོན་བྱོན་གྱི་མཁས་པ་དང་དཔྱད་བརྗོད་པ་དག་གིས། རྩ་བ་ལས།བར་མ་ཆོད་དང་བར་ཆོད་དག །ཡི་གེ་ཚོགས་པ་བསྐོར་བ་ནི། །ཟུང་ལྡན་་་་་ཞེས་པའི་སྐབས། ཐ་སྙད་ཀྱི་སྤྱོད་ཚུལ་མི་འདྲ་བ་ཙམ་ལས་ཚིག་འགྲེལ་གྱི་ངོ་བོ་ཙམ་ལས་དོན་འགྲེལ་ཆ་ཚང་བ་ཞིག་ལེགས་པར་བྱ་ཐུབ་མེད་པ་ནི་མིག་སྔར་དཔེ་མཚོན་འགའ་ཞིག་བཀོད་ན། བོད་མཁས་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས། ( བཤད་སྦྱར་དཎྜིའི་དགོངས་རྒྱན། )ནང་།གང་ལ་ཡི་གེ་གཞན་གྱིས་བར་མ་ཆོད་པའམ། བར་ཆོད་པའི་བདག་ཉིད་ཅན་དེ་ཡང་སྟེ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་དུ་མ་ཚོགས་པ་ལན་གཉིས་སུ་བཟླས་ཤིང་བསྐོར་བ་ནི་ཟུང་ལྡན་ནོ།།ཞེས་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་ཚོགས་པ་ལན་གཉིས་མ་ཞིག་བཟླས་པ་ནི་ཟུང་ལྡན་ཡིན་པ་ལྟ་བུར་བཤད་འདུག །
ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས། ( རྒྱན་གྱི་བསྟན་བཅོས་མེ་ལོང་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་ཚོ། ) ལས།གང་ལ་ཡི་གེའི་ཚོགས་པ་བསྐོར་བ་སྔ་མ་དང་ཕྱི་མ་དེ་གཉིས་ཀྱི་བར་དུ་ཡི་གེ་གཞན་གྱིས་བར་ཆོད་པའམ། བར་མ་ཆོད་པའི་བདག་ཉིད་ཅན་ཡང་སྟེ། ཡི་གེ་དབྱངས་དང་གསལ་བྱེད་ཚོགས་པ་གཉིས་ཕན་ཆད་བསྐོར་བ་དེ་ཡང་བཟླས་ཏེ་བརྗོད་པ་ནི་ཟུང་ལྡན་ཡིན་ཏེ་སྔར་ལེའུ་དང་པོར་ཡང་། ཚོགས་པའི་སྤྱོད་ཡུལ་བསྐོར་བ་ནི། །ཁོ་ན་ཟུང་དང་ལྡན་པར་རིག། ཅེས་རྗེས་ཁྲིད་ཀྱི་ཞར་བྱུང་དུའང་བད་ཟིན་པ་དེ་འདིར་རྒྱས་པར་བརྗོད་པའོ།།”  ཞེས་བར་ཆོད་ཀྱང་རུང་མཆོད་ཀྱང་ཡི་གེ་དབྱངས་དང་གསལ་བྱེད་ཚོགས་པ་ལན་གཉིས་སམ་དེ་བས་མང་བར་བསྐོར་ནས་བཟླས་པ་ཙམ་ཞིག་ཟུང་ལྡན་ལ་འདོད་པ་ལྟ་བུར་བཀོད་འདུག 
དེ་བཞིན་ཧོར་གཙང་འཇིགས་མེད་ཀྱིས་བྱས་པའི་རྒྱན་གྱི་བསྟན་བཅོས་ (མཚོ་བྱུང་དགྱེས་པའི་འཛུམ་ཟེར།) ཞེས་པ་ལས་ཀྱང་།ཚིགས་སྦྱོར་གང་ལ་ཡི་གེའི་ཚོགས་པ་བསྐོར་བ་སྔ་མ་དང་། ཕྱི་མ་གཉིས་ཀྱི་བར་དུ་ཡི་གེ་གཞན་གྱིས་ཆོད་པ་དང་། ཡང་ན་མ་ཆོད་པའི་བདག་ཉིད་ཅན་དང་། དབྱངས་གསལ་གཉིས་ཚོགས་པ་ཕན་བསྐོར་བའམ་བཟླས་ཏེ་བརྗོད་པ་གང་ཡིན་པ་དེ་ཟུང་ལྡན་ཡིན་ནོ།།ཞེས་གསལ།
ཀརྨ་ཚེ་དབང་དཔལ་འབར་གྱིས་བརྩམས་པའི་བསྟན་བཅོས་( སྙན་ངག་མེ་ལོང་གི་འགྲེལ་བཤད་སྔོན་མེད་བུ་རམ་ཤིང་གི་ལྗོན་པ། ) ཞེས་པ་ལས་གང་ལ་ཡི་གེ་གཞན་གྱིས་བར་མ་ཆོད་པའམ་བར་དུ་ཆོད་པའི་བདག་ཉིད་ཀྱང་རུང་། ཡི་གེའི་གཟུགས་ཚོགས་པ་ཕྱོགས་འདྲ་ཙམ་མིན་པ་ངེས་གཅིག་པ་ཉིད་ལན་གཉིས་སུ་བཟླས་ཏེ་བསྐོར་བས་ཟུང་དང་ལྡན་པ། དེ་ཡང་གནས་གཅིག་ཏུ་མ་ངེས་པ་རྐང་པ་རྣམས་ཀྱི་དང་པོ་དང་། བར། མཐའ་ལ་གནས་པའི་སྤྱོད་ཡུལ་ཅན་དག་ནི་ཟུང་ལྡན་གི་རྒྱན་དུ་རིག་པར་བའོ།།ཞེས་ཡི་གེའི་གཟུགས་ཙོགས་ཕྱོགས་འདྲ་ཙམ་མིན་ངེས་པ་གཅིག་པ་ཉིད་ལན་གཉིས་སུ་བཟླས་པ་ཟུང་ལྡན་དུ་འདོད་ཅིང་། དེ་ཡང་ཚིགས་བཅད་ཀྱི་རྐང་པར་སྦྱར་ཚེ་ཐོག་བར་མཐའ་གསུམ་ལ་གནས་པའི་སྤྱོད་ཡུལ་ཅན་ཞིག་ཡིན་བསྟན་ནས་དེ་འདྲ་བ་ཟུང་ལྡན་ཡིན་པ་ཤེས་པར་བྱོས་ཞེས་གདམས་ངག་ཀྱང་གནང་འདུག།
དེང་གི་རྩོམ་པ་པོ་(མོ་) འབྲུག་མོ་སྐྱིད་ཀྱིས།བོད་ཀྱི་སྙན་ངག་ལ་དཔྱད་པ་ཀེ་ཏ་ཀ་ཡི་ནོར་བུ།ཞེས་པར།ཟུང་ལྡན་གྱི་རྒྱན་ནི་ཡི་གེ་དབྱངས་གསལ་དང་སྔོན་རྗེས་སོགས་ཚོགས་པའི་མིང་གཟུགས་གཅིག་པ་ཅན་ཡི་གེ་གཞན་གྱིས་བར་མ་ཆོད་པའམ་བར་ཆོད་པའི་བདག་ཉིད་ཅན་ཏེ། དེ་འདྲའི་ཡི་གེ་ཚོགས་པ་ལན་གཉིས་སུ་བཟླས་པའི་བསྐོར་བ་ལ་ཟུང་ལྡན་ཞེས་བྱའོ།།ཞེས་བད་པ་སོགས་མདོར་ན་མན་གཞིར་མ་འཁོད་པའི་དཔྱད་འགྲེལ་ཐ་དག་ལ་ཡང་འདི་དག་བཞིན་སྔ་བྱས་རྗེས་བཤུས་ཀྱིས་འཁོར་ལོ་ལྟ་བུ་བསྐོར་བ་ལས་དོན་ལྡན་གྱི་འགྲེལ་བཤད་མཐུན་པ་ཞིག་མཛད་མི་འདུག་པ་ནི་དགོས་དབང་ཞིག་གིས་མིན་ནམ། གང་ལྟར་རང་རེ་བོད་ན་སྤྱིར་གཞུང་མཐའ་དག་གི་ཕྱི་མོ་རྒྱ་གར་འཕགས་ཡུལ་ན་བཏུགས་དགོས་ཤིང་། རྒྱ་གར་གི་གཞུང་དག་ལས་འགལ་སོང་ན་མཐའ་དག་འགལ་སོང་བར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཟུང་ལྡན་གྱི་སྐབས་འདིར་ཚང་མས་བསམ་བཞིན་དགོས་དབང་གིས་བཀྲལ་ཡིན་ནའང་འདྲ། མ་ཤེས་ལོག་འགྲེལ་ཡིན་མི་སྲིད་ཀྱང་མཐའ་དག་གིས་རྒྱ་གཞུང་གི་ཚིག་དོན་མ་འཁྱོལ་བ་ལྟ་བུར་བཀྲལ་འདུག །འོན་ཀྱང་དེ་དག་ལ་སྲོལ་རྒྱུན་ལ་འགལ་ཟླ་བྱེད་མཁན་གྱི་ཞྭ་མོ་གཡོགས་དགོས་ངེས་ཀྱང་གཡོགས་མི་འདུག་སྙམ།
དེ་བཞིན་ཟུང་ལྡན་གྱི་དཔེར་བརྗོད་བྱེད་སྐབས་རྒྱ་གར་སྐད་དང་མེ་ལོང་མའི་རྩ་བ་གཉིས་ལ་མི་མཐུན་པ་བོད་སྐད་ཁོ་ནར་རན་པའི་བྲི་སྲོལ་གསར་པ་ཞིག་ཕྱེས་ཤིང་། མཁས་པ་མང་པོས་དེ་ལ་ལྟོས་ནས་སྙན་ངག་གི་བསྟན་བཅོས་མང་པོ་བྱས་འདུག་ཀྱང་དེ་དག་མེ་ལོང་མའི་དཔེར་བརྗོད་དུ་མི་འགྲོ་བཞིན་དུ་བཙན་སྦྱར་བྱེད་པ་ནི་ཕངས་པ་ཞིག་རེད་ཨང་།
ད་ནི་རང་གི་འདོད་པ་ཅུང་བརྗོད་ན། བོད་སྐད་ནང་བཀོད་པའི་ཟུང་ལྡན་ཞེས་པའི་ཐ་སྙད་དེའི་སྐད་དོད་དམ་མ་ཕྱི་རྒྱ་གར་སྐད་ནང་ཡམཀ་ཞེས་པ་ཡོད་ཅིང་། (ཡམཀ) ཞེས་པའི་ཚིག་དེ་འདྲ་བ་དང་། ཆ་ཡ་ཞེས་པའི་ཆ། ཟུང་། གཅིག་པ་ཞེས་པ་སོགས་ཀྱི་དོན་ལ་འཇུག་ཅིང་། སྐབས་འདིར་ཟུང་ཞེས་པར་བསྒྱུར་ཡོད། དེའི་དོན་ནི་དབྱངས་དང་སྔོན་རྗེས་མིང་གཞི་སོགས་ཡི་གེ་མང་པོ་ཚོགས་ཤིང་བསྡུས་པའི་གོང་བུའམ་སྒྲ་གཟུགས་གཅིག་པ་ཅན་ལ་ཡི་གེ་གཞན་གྱིས་བར་ཆོད་པའམ་མ་ཆོད་པ་གང་ཡང་རུང་བ་ལན་གཉིས་སུ་བཟླས་པ་སྟེ་ཟུང་དུ་བསླེབས་པའམ་བཀོལ་བ་ཞིག་ལ་གོ་བ་ཡིན། དེ་ཡང་རྩ་བར།བར་མ་ཆོད་དང་བར་ཆོད་བདག། །ཡི་གེ་ཚོགས་པ་བསྐོར་བ་ནི། །ཟུང་ལྡན་་་་་་་་་་་་་་།ཞེས་པའི་དོན་ལེགས་པར་བཀྲལ་ན། ཚིག་སྦྱོར་གྱི་སྐབས་སུ་ཡི་གེ་དང་། མིང་ཚིག་སོགས་གཞན་གྱིས་ཡི་གེའི་ཚོགས་པ་སྔ་ཕྱིར་བསྐོར་ཞིང་བཟླས་པའི་བར་དུ་མ་ཞུགས་པས་མ་ཆོད་ཀྱང་རུང་། བཞུགས་པས་ཆོད་ཀྱང་རུང་། དེ་འདྲའི་བདག་ཉིད་ཅན། ཡི་གེའི་ཚོགས་པ་སྟེ་དབྱངས་དང་གསལ་བྱེད་(བོད་སྐད་དབང་དུ་བྱས་ན། མིང་གཞི། དབྱངས། འཕུལ། རྗེས། མགོ་འདོགས། ) སོགས་ལས་གཉིས་སམ་དེ་བས་མང་བ་ཚོགས་པ་སྟེ་སྒྲ་དང་གཟུགས་ཁོ་ན་འདྲ་བའི་མིང་བརྡ་ཞིག་ལན་གཉིས་གཉིས་སུ་བསྐོར་བའམ་བཟླས་ཏེ་བཀོལ་བའི་བརྗོད་པ་ནི་ཟུང་དང་ལྡན་པའི་རྒྱན་ཡིན་ནོ་ཞེས་པའི་དོན་ནོ།།
འོན་ཀྱང་མིང་གཞི་ལ་དབྱངས་ཨ་ཆུང་ཞུགས་པ་ལྟ་བུ་ཚོགས་པ་ར་མི་རན་པ་ནི། ༧རྒྱལ་དབང་ལྔ་པའི་སྙན་འགྲེལ། (དབྱངས་ཅན་དགྱེས་གླུ།) ལས།བོད་སྐད་ལ་མཚོན་ན། མཐའ་རྟེན། འཕུལ་བྱེད། འགྲེང་བུ། ན་རོ། ཡ་བཏགས། བརྩེགས་མ་སོགས་གང་ཡང་མེད་པའི་ཀ་ལྟ་བུ་ལ་དབྱངས་ཨ་ཐུང་སྲོག་ཏུ་ཞུགས་པ་ལྟ་བུ་མ་ཡིན་པར་བསྐོར་བ་ནི་ཟུང་ལྡན་ཞེས་བྱའོ།།ཞེས་གསུངས་པ་ལེགས་བཤད་ལྟ་བུར་མཐོང་།
སྐབས་འདིར་བད་པའི་ཡི་གེའི་ཚོགས་པ་ཞེས་པའི་སྐད་དོད་ལེགས་སྦྱར་ནང་ཝརྞསཾཧཏེཞེས་ཡོད་ཅིང་། དེ་བཀྲལ་ན་ཝརྞ་ཞེས་པ་ཡི་གེའི་དོན་དང་།སཾཧཏ་ཞེས་པ་ཚོགས་པའི་དོན་ཡིན། དེ་གཉིས་ལ་རྐྱེན་སྦྱར་བས་ཝརྜསཾཧཏེ་ཞེས་ཡི་གེའི་ཚོགས་པའི་དོན་གྲུབ་པ་ཡིན། རྒྱ་གཞུང་རྩ་བ་ལས་ཡི་གེའི་ཚོགས་པ་ཙམ་བསྐོར་ཞིང་བཟླས་པ་ཞེས་ཚིག་ཟིན་དུ་བསྟན་ཡོད་ཀྱང་། དོན་དུ་བསྐོར་རྒྱུའི་མིང་ཟླ་དེ་གཉིས་སྒྲ་དང་གཟུགས་འདྲ་བ་ཙམ་ལས་གོ་དོན་མི་གཅིག་པ་ཡིན་དགོས། རྒྱ་གཞུང་དཔེར་བརྗོད་དུ་ཡང་།མཱནེན་མཱནེན། དང་མདྷནོ་མདྷནོ། ཅཏུརམ་ཅཏུརམ།ལྟ་བུ་སོགས་དབྱངས་གསལ་གྱི་ཡི་གེ་དུ་མ་ཚོགས་པ་ཅན་ལན་གཉིས་བཟླས་པས་ཚིག་སྔ་ཕྱི་གཉིས་ཀྱི་སྒྲ་གཟུགས་འདྲ་ཡང་མཚམས་སྦྱར་སོགས་ཀྱི་དབང་ལས་འགྲུབ་ཚུལ་ཐ་དད་པའི་རྐྱེན་གྱིས་ཚིག་སྔ་མ་’ (མ་ཨཱནེན་) དེ་དགག་ཚིག་དང་འབྲེལ་བས། འདི་དང་མ་འགྲོགས་ཞེས་དང་། ཕྱི་མ་(མཱནེན།) དེ་ཁེངས་པའི་སྐད་དོད་སོང་བ་ལྟ་བུ་དགོས། འོན་ཀྱང་གོང་ནས་བརྗོད་པ་བཞིན་རང་རེའི་མཁས་པ་གོང་མ་ཚོས་རྩ་བ་ཡང་དོན་འཁྱོལ་བ་ཞིག་མ་བཀྲལ་ཞིང་། དཔེར་བརྗོད་དག་ལ་ཡང་ལྡེམ་ལྡེམ་དང་། འཛུམ་འཛུམ། མཛེས་མཛེས། དཀར་དཀར་ལྟ་བུ་སོགས་ཡི་གེ་ཚོགས་པའི་སྒྲ་གཟུགས་འདྲ་བ་ཙམ་མིན་པར། དོན་གྱི་གོ་བ་ཡང་ཐ་དད་དབྱེ་རྒྱུ་མེད་པར་དོན་གཅིག་ཡང་དུ་བཟླས་པ་དེ་འདྲ་འབའ་གསར་གཏོད་མཛད་ནས་རྒྱ་གཞུང་དང་ཡོངས་སུ་འགལ་བར་བྱས་འདུག བདག་གིས་བལྟས་ན་དེ་དག་མིང་ཙམ་གྱིས་ཡིན་ན་མ་གཏོགས། བོད་རང་གི་ཐུན་མིན་རྒྱན་གྱི་རྣམ་བཞག་ཏུ་འཇོག་འོས་པ་ལས། རྒྱ་གཞུང་དང་མཐུན་ལུགས་ཀྱིས་དེའི་མཇུག་ཏུ་གཡག་གི་རྔ་མ་མ་ཧེ་ལ་སྦྱར་བ་ལྟ་བུ་བྱས་ན་མི་ལེགས་སྙམ།
ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་འཇམ་དབྱངས་ཁ་ཆེར་དགག་མཛད་ནས་ད་ལྟ་བོད་ཡུལ་གྱི་སྙན་ངག་མཁན་ཡོངས་གྲགས་ཀུན་གྱིས་ལེགས་ལེགས་མཛེས་མཛེས་ཟེར་བ་ལྟ་བུ་ལ་ཟུང་ལྡན་གྱི་དཔེར་བརྗོད་མཛད་པ་ལེགས་ཤིང་།ཞེས་གསུངས་པ་དང་ བསེ་ཙང་བློ་བཟང་དཔལ་ལྡན་གྱིས། ( ཚངས་སྲས་བཞད་པའི་སྒྲ་དབྱངས།) ལས།བོད་སྐད་སྒོ་དོག་པའི་རྐྱེན་གྱིས་བྱ་དཀའ་སླའི་ཟུང་ལྡན་གྱི་བྱེ་བྲག་རྣམས་ལེགས་སྦྱར་སྐད་ཇི་བཞིན་འབྱོར་དཀའ་བས་ཕལ་ཆེར་ཡི་གེ་བསྐོར་བ་ལས། ཡི་གེའི་ཚོགས་པ་བསྐོར་བ་ཉུང་ཞིང་། ཡི་གེ་བསྐོར་བ་ནི་རྗེས་ཁྲིད་དང་ཆ་འདྲ་བ་ལས་ཟུང་ལྡན་དངོས་མིན་ཀྱང་། བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས། བོད་རང་གི་གདངས་དང་། ཐ་སྙད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལ་གཞིགས་ནས་ཡི་གེ་ཚོགས་པ་སྒྲ་གཟུགས་གཅིག་པ་ཅན། དཔེར་ན། ལེགས། མཛེས། འཛུམ། ལྡེམ་ཟེར་བ་ལྟ་བུའི་མིང་ཡང་ཡང་བསྐྱར་དུ་བཟླས་པ། ཟུང་ལྡན་གྱི་ཆ་དང་འདྲ་བར་འགྱུར་བས། བོད་ཡིག་ཏུ་ཟུང་ལྡན་གྱི་དཔར་བརྗོད་མད་པའི་སྲོལ་བཟང་པོ་ཚུགས་སོ།།ཞེས་གསུངས། ཧོར་གཙང་འཇིགས་མེད་ཀྱིས་ཀྱང་། བོད་ཀྱི་སྔ་འགྲེལ་མཁན་ལ་ལས་རྒྱ་འགྲེལ་ཇི་བཞིན་དུ་བོད་སྐད་ལ་ཟུང་ལྡན་བཙན་སྦྱོར་བྱས་པ་སྣང་ཡང་། དེ་ནི་ངལ་བ་ཆེན་པོ་ལ་འབྲས་བུ་ཆུང་ཞིང་དོན་ཡང་དེ་ཙམ་མི་འཕྲོས་པས། བོད་རང་ལ་ནི་སྔ་ཕྱིའི་མཁས་པ་ཕལ་མོ་ཆེས་མཛེས་མཛེས་ལྟ་བུ་སྦྱར་འདུག་པ་དེ་ཁོ་ན་བཞིན་སྦྱར་ན་ལེགས་སོ།།ཞེས་གསུངས། དེ་ལྟར་རང་རེ་བོད་ཀྱི་མཁས་པ་དང་དཔྱད་བརྗོད་པ་མང་མང་ཞིག་སྤྱི་མགྲིན་གྱིས་མེ་ལོང་མའི་གཞུང་འཆད་སྐབས་དཔེར་བརྗོད་མཐའ་དག་རྒྱ་གཞུང་གི་རྩ་ཚིག་དང་འགལ་བར་བྱས་པ་དག་ལ་བསྟོད་ཚིག་མེ་ཏོག་གཏོར་མོད། འོན་ཀྱང་རྒྱ་གཞུང་དང་ཕྱོགས་ཙམ་ཡང་མི་མཐུན་པའི་བོད་ཀྱི་མཐུན་མིན་གྱི་ཚིག་སྦྱོར་བྱེད་ཚུལ་དེ་དག་བཙན་དབང་གིས་མེ་ལོང་མར་ཁུངས་བཏུགས་པ་ནི་བོད་རང་གི་སྐད་ལ་རང་གིས་བརྙས་བཅོས་བྱས་པ་དང་། རྒྱ་གཞུང་ལྟར་བྱ་མ་ཤེས་པ་ཡང་ཤེས་ཡོད་མདོག་མདོག་གིས་གངས་ཅན་པའི་བོད་ཕྲུག་བློ་གསར་རྣམས་ལ་མགོ་མོ་རྫུན་གྱིས་བསྐོར་ནས་ད་བར་དུས་རབས་བཅུ་དགུ་ཙམ་འདས་སོང་། ད་དུང་ཡང་ང་ཚོས་རང་སྐད་ཀྱི་ཁྱད་ཆོས་གཞན་ལ་སྟེར་ཞིང་། གཞན་གྱི་ལད་ཟློས་མ་ཤེས་པ་དག་ཀྱང་ཤེས་ཁུལ་གྱིས་རང་གི་ནང་མིར་རྫུན་ཁོ་ནས་སྐྱོང་བཞིན་ཅིས་འདུག་དགོས་པ་རེད། ང་རང་ནི་ཁ་རྩང་བཏུང་པའི་དུག་ཆུ་དེ་དེ་རིང་འཐུང་རྒྱུར་ཧ་ཅང་སྐྲག་ཅིང་། བཏུང་ན་ཡང་མི་འདོད་པས། དེ་དག་ལ་དགག་པ་མཐའ་གཅིག་བྱ་རྒྱུ་དང་། མཛེས་མཛེས་དང་། ལེགས་ལེགས་སོགས་བོད་ཀྱི་ཐུན་མིན་ཚིག་རྒྱན་དུ་འཇོག་པ་ལས་མེ་ལོང་མར་བཙན་གྱིས་སྦྱར་ན་མི་འདོད
རྒྱ་གར་འདི་ནི་སྔོན་དུས་རིག་གནས་ཡོད་དགུའི་འབྱུང་ཁུངས་ཏེ་འཕགས་པའི་ཡུལ་ཞེས་གྲགས་པ་བདེན་པར་སོང་ཡང་། དུས་རབས་བཅུ་པ་ཙམ་གྱི་རྗེས་ནས་རིག་གནས་དེ་དག་ཉམ་དམས་སུ་ཕྱིན་ཏེ་ད་ལྟ་ཕལ་ཆེར་མེད་པ་ལྟ་བུར་གྱུར་ནས་ཕག་པའི་ཡུལ་ལྟ་བུར་གྱུར་ཡོད། ལར་ནས་རྒྱན་གྱི་བསྟན་བཅོས་ལེ་ལོང་མ་འདི་རྒྱ་གར་ཡུལ་མིའི་ནང་སློབ་སྦྱོང་བྱེད་མཁན་གཅིག་ཀྱང་མེད་པའི་ཚོད་ལ་བསླེབས་ཡོད་པས་དེའི་དོན་དཔྱིས་ཕྱིན་པ་ཤེས་མཁན་ད་ལྟ་ཨེ་ཡོད་སྙམ།
ལེགས་སྦྱར་ལྟར་བོད་སྐད་ལ་ཚིགས་གི་གཅོད་མཚམས་མི་འདྲ་བའི་ཁྱད་ཆོས་སོགས་ཆེར་མེད་པས་སྐབས་འདིར་ཡང་རྒྱ་གཞུང་ཇི་བཞིན་སྦྱོར་དཀའ་ཡང་། མཐའ་གཅིག་ཏུ་སྦྱོར་མི་རུང་བ་ཡང་མ་ཡིན་ཏེ། དཔེར་ན། དབང་གྲགས་དབང་གྲགས་ཆེ་ཡང་ངས་མ་བཀུར། ལྟ་བུ་བྱས་ན་དབང་གྲགས་ཞེས་པ་ཐོག་མ་མི་ཞིག་གི་མིང་དང་། ཕྱི་མ་ནི་དབང་དང་སྙན་གྲགས་ལ་འཇུག་པའི་ཡི་གེའི་ཚོགས་པ་གཉིས་སྒྲ་དང་གཟུགས་འདྲ་ཡང་། དོན་ལོགས་སུ་ཡོད་པ་ལྟ་བུ་དང་། དེ་བཞིན། དམྱལ་བར་འགྲ་བ་འགྲོ་ན་མི་འདོད་ཀྱང་། ལས་དང་ཉོན་མོངས་དབང་གིས་འདེད་ནས་སོང་། ཞེས་པ་ལྟ་བུ་ཡང་། འགྲོ་བ་དང་པོ་སེམས་ཅན་ཏེ་རིགས་དྲུག་འགྲོ་བ་དང་། གཉིས་པ་བསྐྱོད་པའི་མིང་གཞན་ཡིན་པ་ལྟ་བུ་གོང་དང་མཚུངས་པ་སོགས་མང་དུ་འབྱུང་ངོ་། །དེ་ལྟར་ཧོར་གཙང་འཇིགས་མེད་ཀྱིས།འོན་ཀྱང་ཨ་མདོ་བ་དགེ་ཆོས་ཀྱིས་མཛེས་མཛེས་ལྟ་བུ་མཁས་པ་སྔ་མས་སྦྱར་བ་ནི་མི་ལེགས་ཤིང་། རྗེའི་བསྟོས་སྤྲིན་རྒྱ་མཚོ་ལས།ལ་ལ་བལྟམ་ཞིང་ཞིང་གཞན་དུ་ཡང་ཞེས་པ་ལྟ་བུ་བོད་རང་གི་ཟུང་ལྡན་དངོས་སུ་བཞེད་ཅེས་རག་ར་བཀྲས་མཏོང་གིས་བཤད་དོ།།ཞེས་དྲངས་པའི་དགེ་ཆོས་ཀྱི་འདོད་པ་དེ་དོན་ལ་གནས་འདུག་སྙམ།།
ཡང་ལ་ལ་ཞིག་གིས་རྒྱ་གཞུང་ལྟར་བྱས་ན་གཅོད་མཚམས་མི་བདེ་ཞིང་། རྐང་པ་གཞན་གྱི་འགྲོས་དང་མི་མཐུན་པས་སྙན་པར་མི་འབྱུང་ངོ་སྙམ་སྲིད་ཀྱང་། བསྟན་བཅོས་མཛད་པོས་ཐོག་མ་ལེའུ་དང་པོ་ན། དེ་ཡང་གཅིག་ཏུ་སྙན་པ་མིན། ཞེས་དེའི་རང་བཞིན་ངོ་སྤྲོད་མཛད་འདུག་པ་དང་ལེན་བྱ་དགོས་སོ།།

མཁས་པའི་ཤེས་རབ་མཁའ་མཐའ་ཡངས་མོ་ལ།།
ནམ་འཕང་གཅོད་པའི་སྤོབས་པས་དབེན་ན་ཡང་།།
འཕུར་འདོད་རིག་པའི་གཤོག་འགྱུ་ངར་མ་ཞིག།
འཁྱོག་འགྲོ་རླུང་དང་རྩེན་འདོད་རི་མོ་བཀོད།།
ཅེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
༢༠༡༣།༠༤།༢༩ ཉིན།

མུ་འགོད།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།