པུ་ནེ་གྲོང་ཁྱེར་ཉུལ་བ།

པུ་ནེ་གྲོང་ཁྱེར་ཉུལ་བ།

རི་བོ་ཟེར་བའི་ཤུལ་ཙམ་མེད་ས་ན།།
ཐོག་བརྩེགས་ཁང་ཆེན་ཚབ་ཏུ་བཞེངས་པ་འདྲ།།
རྒྱ་ལམ་ཡངས་ལ་གཙང་བའི་འགྲམ་ངོས་ན།།
རྩེ་ཤིང་ཟེར་བའི་རྒྱན་ཆ་མཛེས་ཙམ་གདའ།།

སྲང་ལམ་དག་ན་སྒོ་ཁྱིམ་རེ་གཉིས་ལས།།
ཚོང་ཁང་མེད་པ་འདི་ཅེས་སྟོན་དཀའ་ཡང་།།
ཐམས་ཅད་ཚོང་ལས་གཉེར་མཁན་མིང་ཅན་མོ།།
ཡིན་ཅེས་བརྗོད་པའི་སྤོབས་པ་མི་འདུག་གོ།།

ལམ་ཟུར་འགའ་རེར་ཇ་ཚོང་ཡོད་ས་ན།།
དུ་བའི་རི་མོ་གནམ་ལ་འབུད་དང་ལྷན།།
མངར་ཇ་ཧུབ་འཐུང་བྱེད་མི་ཡོད་ན་ལས།།
ལྷོད་ཀྱིས་ངང་འཐུང་བྱེད་པ་ཉུང་ཉུང་རེད།།

གྲོང་ཁྱེར་ཟེར་བའི་མིང་ལ་བརྙས་པ་ལྟའི།།
ལམ་ཟུར་བ་མོ་བང་ལ་བཏགས་བྱས་ཏེ།།
འོ་མ་འཇོ་དང་ལྕི་བ་འཐུ་བ་ཡི།།
གཟུགས་བརྙན་དག་ཀྱང་འདི་ན་མཐོང་རྒྱུ་འདུག།

གྲོད་པ་ལྟོགས་ནས་ཟ་མ་བཟའ་དགོས་ན།།
སེང་སེང་ཡོངས་ལ་མགྱོགས་ཟས་ཟ་ཁང་རེད།།
དེ་ན་སྟབས་བདེའི་ཟས་རིགས་སྣ་ཚོགས་པས།།
ཡུན་རིང་ལྟོགས་གཟེར་སྒོམ་དགོས་མི་འདུག་གོ།

མི་ཞིག་ལམ་གྱི་ཟུར་ནས་འགྲོ་བཞིན་པར།།
ས་དང་ཁ་བྱང་དྲིས་ན་འདི་དེ་ཞེས།།
བཟང་པོའི་ངང་ནས་ལེགས་པར་སྟོན་ཚུལ་དེ།།
ཨ་གསར་མིན་ན་ཡ་རབས་ཆེ་བར་སེམས།།

གནམ་རྒན་མ་ནི་ས་སྨྱོ་ངོ་མ་སྟེ།།
ད་ལྟ་ཚ་བས་བཞུ་ལ་ཉེ་སེམས་དུས།།
སྤྲིན་པ་ཟེར་བ་གཡོ་བའི་རྫུ་འཕྲུལ་དེས།།
ཆར་པའི་ཤུལ་རླུང་བསིལ་མོ་འཁྱེར་ཡོང་གི།

བདག་མོས་སྐྲ་བཟོ་ཁང་ལ་འགྲོ་ཟེར་ནས།།
མཛེས་བཟོའི་ཁང་སྒོ་ཞིག་ལ་འཛུལ་བ་ན།།
ལོ་ཆུང་ཕོ་མོ་མང་པོ་བང་བསྒྲིགས་ནས།།
སྐྲ་ལོ་སྟོང་ལོར་མང་པོས་འཁྲུད་པ་མཐོང་།།

དགོང་ཁའི་ཉི་མ་ལ་ལ་བཞུད་ཙམ་ན།།
གྲོག་མ་ཚང་ནས་ཐོན་པ་ཡིན་སྙམ་པའི།།
ཚོར་བ་སྟེར་བའི་རྒྱུ་ནི་མི་དག་གིས།།
འཚང་པ་ལྟ་བུས་ཕྱི་ལ་ཐོན་པ་འོ།།

ཕན་ཚུན་བར་ལ་གོ་བརྡ་འཕྲོད་པ་ལ།།
སྤྱིར་ན་མ་ར་ཐྲི་ཡི་སྐད་ཡོད་ཀྱང་།།
ཧིན་དི་ཨིན་སྐད་གཉིས་པོ་མི་ཤེས་པའི།།
སྐྱེས་བུ་ཞིག་ནི་ཡུལ་དེར་ཨེ་ཡོད་བསམས།།
                            2017/07/07 ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།