སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

༦) འདོད་རྔམ་ཅན་གྱི་སེང་གེ།
      
       ཚ་དྲོད་ཤིན་ཏུ་ཆེ་བའི་ཉིན་ཞིག །སེང་གེ་གཅིག་ཧ་ཅང་ལྟོགས་ནས་བསྡད་ཡོད་པ་རེད།

       ཁོས་རང་ཉིད་ཀྱི་ཕུག་པ་ལས་ཕྱིར་ཐོན་ཏེ་ས་ཕྱོགས་གང་སར་ཟས་བཙལ་ཡང་། ཡོས་བུ་ཆུང་ཆུང་ཞིག་ལས་མ་རྙེད། ཁོ་པས་ཐེ་ཚོམ་དང་བཅས་ཡོས་དེ་བཟུང་།

       སེང་གེ་དེས་“ཡོས་བུ་ཆུང་ཆུང་འདིས་བདག་གི་གྲོད་པ་བརྒྱག་རྒྱུ་མ་རེད་ཨང་།”སྙམ་པ་རེད།

       སེང་གེས་ཡོས་དེ་གསོད་གྲབས་བྱེད་སྐབས་ཤྭ་བ་ཞིག་ཕྱོགས་དེ་ནས་རྒྱུགས་ཏེ་སོང་བས་སེང་གེ་དེ་འདོད་རྔམ་ཆེ་རུ་ཕྱིན་ཏེ། “ངས་ཡོས་བུ་ཆུང་ཆུང་འདི་ཟ་བ་ལས། ཤྭ་བ་ཆེན་པོ་དེ་ཟོས་ན་དགའ།”སྙམ།

       ཁོས་ཡོས་བུ་དེ་གློད་ནས་ཤྭ་བའི་རྗེས་སུ་རྒྱུགས་ཏེ་ཕྱིན། འོན་ཀྱང་ཤྭ་བ་དེ་ནགས་ཚལ་ཁྲོད་གར་སོང་ཆ་མེད་དུ་གྱུར་བས། ད་གཟོད་སེང་གེ་དེ་ཡོས་གློད་ཟིན་པར་འགྱོད་པ་སྐྱེས་སོ།།


༧) གྲོགས་པོ་གཉིས་དང་དོམ།

      ཡེ་ཤེས་དང་ཨོ་རྒྱན་གཉིས་གྲོགས་པོ་རེད། གུང་སེང་ཞིག་གི་སྐབས་ཁོ་གཉིས་ཤིང་ནགས་ཤིག་གི་ནང་འཆམ་འཆམ་ཕྱིན་པ་རེད། རང་བྱུང་ཁམས་ཀྱི་མཛེས་སྡུག་ལོངས་སུ་སྤྱོད་བཞིན་པའི་སྐབས། གློ་བུར་དུ་དོམ་ཞིག་ཁོ་གཉིས་ཀྱི་ཕྱོགས་སུ་ཡོང་བཞིན་པ་མཐོང་བས། ཁོ་གཉིས་ཧ་ཅང་སྐྲག་པ་རེད།

       ཨོ་རྒྱན་གྱིས་ཤིང་སྡོང་རྩེར་འཛེག་སྟངས་ཤེས་ཀྱི་ཡོད་སྟབས་མགྱོགས་མྱུར་ཤིང་སྡོང་རྩེར་འཛེགས། ཁོས་ཡེ་ཤེས་ཀྱི་སྐོར་ལ་བསམ་བློ་ཙམ་ཡང་མ་བཏང་བ་རེད། ཡེ་ཤེས་ཀྱིས་ཤིང་སྡོང་རྩེར་འཛེག་སྟངས་ཤེས་ཀྱི་མེད།

       ཡེ་ཤེས་ཀྱིས་ཅུང་ཙམ་བསམ་བློ་བཏང་རྗེས། ཁོ་པས་སྲོག་ཆགས་ཀྱིས་བེམ་པོ་ཟ་གི་མེད་པ་གོ་མྱོང་ཡོད་པ་ལྟར་ས་ལ་འགྱེལ་ནས་དབུགས་འབྱིན་རྔུབ་མཚམས་འཇོག་བྱས། དོམ་དེས་ཁོ་པར་དྲི་བསྣམས་ཙམ་བྱས་ནས་རང་གི་ལམ་དུ་ཆས།

       དེ་རྗེས་ཨོ་རྒྱན་གྱིས་“དོམ་གྱིས་ཁྱོད་ཀྱི་རྣ་བར་ཤུབ་ཤུབ་ཏུ་ཅི་ཞིག་བཤད་བྱུང་ངམ།” ཞེས་པ་དྲིས་པ་ན།
       ཡེ་ཤེས་ཀྱིས་ “དོམ་གྱིས་ང་ལ་ཁྱེད་རང་ལྟ་བུའི་གྲོགས་པོ་དང་ཁ་ཐག་རིང་ཙམ་བྱོས་ཟེར་བྱུང་།”ཞེས་ལན་བཏབ་ནས་རང་གི་ལམ་དུ་ཆད་དོ།།


༨) མི་ཚེའི་འཐབ་རྩོད།

       སྔོན་མ་ཞིག་ལ་བུ་མོ་ཞིག་གིས་རང་གི་ཕ་ལ་ཁོ་མོའི་མི་ཚེ་ནི་ཧ་ཅང་ཡ་ང་བ་ཞིག་ཡིན་པས། མོས་ཇི་ལྟར་བྱ་དགོས་མིན་ཤེས་ཀྱི་མི་འདུག་ཅེས་རྙོག་ཁྲ་བཤད་པ་རེད། 

       ཁོ་མོའི་པ་ཕ་མ་བྱན་ཞིག་ཡིན་པས་མོ་ཐབ་ཚང་ཞིག་ཏུ་ཁྲིད། ཁོང་གིས་སྣོད་གསུམ་ནང་ཆུ་བཀང་ནས་མེ་ཐབ་ཏུ་བཞག

       སྣོད་གསུམ་གྱི་ཆུ་འཁོལ་འགོ་ཚུགས་པ་དང་གཅིག་གི་ནང་ཞོ་ཁོག་དང་། གཅིག་ལ་སྒོ་ང་། གཅིག་གི་ནང་འཚིག་ཇའི་སྲན་མ་བླུགས། དེ་ནས་ཁོང་གིས་བུ་མོར་ཚིག་གཅིག་ཀྱང་མ་བཤད་པར་དེ་དག་འཚོད་དུ་བཅུག་པ་རེད།

       བུ་མོ་དེས་སུན་སྣང་དང་བཅས་སྐད་ངན་འདོན་བཞིན། ཁོང་གིས་ཅི་ཞིག་བྱེད་ཀྱི་ཡོད་དམ་སྙམ་ནས་སྒུག  །སྐར་མ་ཉི་ཤུའི་རྗེས་ཁོང་གིས་ཐབ་ཀྱི་མེ་བསད་དེ། ཞོ་ཁོག་བཏོན་ནས་དཀར་ཡོལ་ཞིག་གི་ནང་བཞག  །སྒོ་ང་བཏོན་ནས་དཀར་ཡོལ་གཞན་ཞིག་གི་ནང་བཞག །དེ་ནས་སྐྱོགས་ཀྱིས་འཚིག་ཇ་ཕོར་པ་ཞིག་གི་ནང་བླུགས།

      དེ་ནས་ཁོ་མོར་ཁ་ཕྱོགས་ནས་“བུ་མོ། ཁྱོད་ཀྱིས་ཅི་ཞིག་མཐོང་བྱུང་ངམ།”ཞེས་དྲིས།

      “ཞོ་ཁོག་དང་། སྒོ་ང་། ད་དུང་འཚིག་ཇ།” མོས་བྲེལ་འཚུབ་དང་བཅས་ལན་བཏབ། 

       ཁོང་གིས་ “ཡག་པོ་ལྟོས་དང་།”ཞེས་དང་། “ལག་པ་ཆོངས་དང་།” ཞེས་བཤད། མོས་ཞོ་ཁོག་ལ་ལག་པ་འཆངས་པ་ན་དེ་དག་མཉེན་པོ་ཡིན་པ་རྟོགས། 

       ཁོང་གིས་མུ་མཐུད་ཁོ་མོར་སྒོ་ང་ཞིག་གཅོག་ཏུ་བཅུག །ཕྱི་ཤུན་དེ་ཕུད་རྗེས་སྒོ་ང་མཁྲེགས་པོ་ཆགས་ཡོད་པ་དོ་སྣང་བྱུང་། 

       མཐའ་མ་མོ་ལ་འཚིག་ཇ་འཐུང་དུ་བཅུག  །དེའི་དྲི་ཞིམ་གྱིས་ཁོ་མོའི་ངོ་གདོང་ལ་འཛུམ་མདངས་རྒྱས།
      མོས་“པཱ་ལགས། འདིས་ཅི་ཞིག་མཚོན་ནམ།” ཞེས་དྲིས། 

      དེ་རྗེས་ཁོང་གིས་ཞོ་ཁོག་དང་། སྒོ་ང་། འཚིག་ཇའི་སྲན་མ་བཅས་ལ་ཆུ་འཁོལ་མའི་ནང་གཅིག་མཚུངས་ཀྱི་རྐྱེན་ངན་འཕྲད་ཡོད་ཀྱང་། 

      དེ་དག་རེ་རེས་རྣམ་འགྱུར་མི་འདྲ་བ་བསྟན་ཡོད་ཚུལ་གསལ་བཤད་བྱས། དེ་ཡང་ཞོ་ཁོག་ནི་སྲ་ཞིང་མཁྲེགས་པ་ཡིན་པ་ལས་ཞི་ཞིང་དུལ་བ་ཞིག་མིན་མོད། འོན་ཀྱང་ཆུ་ཁོལ་མའི་ནང་ནས་འཇམ་ཞིང་མཉེན་པར་གྱུར་ཡོད་པ་དང་།

      སྒོ་ང་ནི་གས་ཆག་སླ་བ་ཞིག་ཡིན་ཞིང་། ཕྱི་ཤུན་སྲབ་མོ་ཡིས་ནང་གི་གཤེར་གཟུགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། འོན་ཀྱང་ཆུ་ཁོལ་མའི་ནང་བླུགས་རྗེས་སྒོ་ངའི་ནང་ངོས་སྲ་མཁྲེགས་སུ་གྱུར་ཡོད། 

       དེ་བཞིན་དུ་འཚིག་ཇའི་སྲན་མ་ནི་ཐུན་མོང་མ་ཡིན་པ་ཞིག་རེད། དེ་དག་ཆུ་ཁོལ་ནང་བླུགས་རྗེས་དེ་དག་གིས་ཆུ་ལ་སྒྱུར་བ་བཏང་ནས་དངོས་པོ་གསར་པ་ཞིག་བསྐྲུན་ཡོད།

       ཁོང་གིས་བུ་མོར། “ཁྱོད་གང་ཞིག་ཡིན་ནམ།”     “རྐྱེན་ངན་ཞིག་གིས་ཁྱོད་ཀྱི་སྒོ་རྡུང་སྐབས་ཁྱོད་ཀྱིས་ཇི་ལྟར་ཁ་གཏད་གཅོག་རྒྱུ་ཡིན་ནམ། ཁྱེད་རང་ཞོ་ཁོག་ཡིན་ནམ། སྒོ་ང་ཡིན། ཡང་ན་འཚིག་ཇ་ཡིན།” ཞེས་དྲིས་སོ།།



༩) ཝ་མོ་དང་རྒུན་འབྲུམ།

         ཉིན་ཞིག་གི་ཕྱི་དྲོར་ཝ་མོ་ཞིག་ནགས་ཚལ་དུ་འཆམ་འཆམ་དུ་འགྲོ་བཞིན་པའི་སྐབས། ཤིང་སྡོང་ཞིག་གི་ཡལ་གའི་སྟེང་ནས་རྒུན་འབྲུམ་ཆུན་པོ་ཞིག་འཆང་ཡོད་པ་མཐོང་། 

        ཁོ་པས་ “འདི་ནི་ངའི་སྐོམ་པ་སེལ་བྱེད་ཀྱི་དངོས་པོ་དེའོ།།”སྙམ། 

        ཁོ་པས་གོམ་པ་འགའ་རྒྱབ་ལ་སྤོས་རྗེས་མདུན་ལ་ནུས་ཤུགས་ཡོད་རྒུས་མཆོངས་ཀྱང་རྒུན་འབྲུམ་ལ་མ་བརྙབ། 

        ཝ་མོས་ཡང་བསྐྱར་གོམ་པ་འགའ་རྒྱབ་ཏུ་སྤོས་ནས་རྙོབ་ཐབས་བྱས་ཀྱང་མ་ད་དུང་བརྙབ། 

        མཇུག་མཐར་ཝ་མོས་བློས་གཏོང་བྱས་སྟེ། སྣ་ཡར་བཏེགས་ནས་ “དེ་དག་ཕལ་ཆེར་སྐྱུར་མོ་ཡིན་ས་རེད། ང་ལ་མི་དགོས།” ཅེས་བཤད་ནས་བུད་སོང་ངོ་།།



༡༠) བྲན་གཡོག་དབུལ་པོ་དང་སེང་གེ།
        
       བྲན་གཡོག་ཅིག་སྦྱིན་བདག་གིས་སྡུག་སྦྱོང་བཏང་བར་མ་བཟོད་ནས་ཤིང་ནགས་སུ་བྲོས་ཕྱིན་པ་རེད། ལམ་བར་དུ་ཁོ་སྦར་མོ་ལ་ཚེར་མ་ཟུག་སྟེ་ན་ཟུག་མྱོང་བཞིན་པའི་སེང་གེ་ཞིག་དང་ཕྲད། བྲན་གཡོག་དེས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་དལ་མོས་ཚེར་མ་དེ་བཏོན་པ་རེད།

       སེང་གེ་དེས་ཁོ་ལ་གནོད་འཚེ་མ་བྱས་བར་རང་གནས་ཕྱིན།

      ཉིན་འགའི་རྗེས་སུ་བྲན་གཡོག་དེའི་སྦྱིན་བདག་ནགས་ཚལ་དེར་རི་དྭགས་རྔོན་དུ་ཡོང་སྟེ་སྲོག་ཆགས་མང་པོ་བཟུང་སྟེ་ལྕགས་ཁྲའི་ནང་བཅུག་པ་དང་། བྲན་གཡོག་དེ་ཡང་སྦྱིན་བདག་གི་ལས་མིས་མཐོང་ནས་འཛིན་བཟུང་བྱས་ནས་གདུག་རྩུབ་ཆེ་བའི་སྦྱིན་བདག་གི་དྲུང་དུ་ཁྲིད་སླེབས།

       སྦྱིན་བདག་གིས་བྲན་གཡོག་དེ་སེང་གེ་བཅུག་པའི་ལྕགས་ཁྲའི་ནང་འཕེན་དགོས་པའི་བཀའ་བཏང་བ་རེད།

        བྲན་གཡོག་དེ་རང་ཉིད་ཀྱི་འཆི་བ་སྒུག་བཞིན་པའི་མུར་། སེང་གེ་དེ་རང་ཉིད་ཀྱིས་སྔར་རོགས་རམ་བྱ་ས་དེ་ཡིན་པ་རྟོག་པ་ན། དགའ་ཐག་ཆོད་དེ་སེང་གེ་དེ་དང་ལྕགས་ཁྲའི་ནང་བཅུག་པའི་སྲོག་ཆགས་ཡོད་ཚད་བསྐྱབས་པ་རེད།
    


Comments

Popular posts from this blog

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།