རྒྱུགས་ཁང་སྲུང་པ།

རྒྱུགས་ཁང་སྲུང་པ།

ཨིན་ཇི་གསར་པ་འཁྲབ་པ་མང་ས་འདིར།།
དྲི་བའི་ཨ་ལོང་དག་ལ་ཆད་ནས་འདུག།
རླུང་བུ་འདི་ཡི་གཡུག་ཕྱོགས་མ་ནོར་ན།།
ཡ་གིའི་སྤྲིན་པ་སྔོན་པོ་གཡེང་ནས་ཡོད།།

སྐྱ་མིན་དམར་མིན་ངོ་གདོང་རེ་རེ་ལ།།
འགྱུ་བ་རེ་རེས་སྐུལ་མ་བྱས་ནས་ཡོད།།
ཤིང་ལོ་དེ་དག་ས་ལ་མ་ལྷུང་ན།།
ནམ་དུས་དེ་ལ་ངོ་ཚ་ཨེ་ཡོད་དམ།།

སྨྱུ་གུ་འགུལ་བ་ངོ་མ་ཡིན་ངེས་ཀྱང་།།
སྣག་ཚ་གསལ་མིན་འདི་ཡིས་ཅི་ཞིག་ཤེས།།
ཇ་མ་ཚ་དམ་ཅན་པོ་ཕེབས་སོང་ན།།
མངར་ཇ་ཞིག་ལ་ལོངས་སུ་སྤྱོད་རྒྱུ་ཡོད།།

དྲིས་ཚིག་དེ་དག་ལྕགས་ཀྱི་སྒོ་ཟ་སྟེ།།
ལྡེ་མིག་མེད་ན་འབྱེད་རྒྱུ་མི་འདུག་གོ།།
མགར་བ་བཟང་ཕོ་ཞིག་གི་ཆས་ཡོད་ན།།
རི་མོ་ཙམ་ཞིག་འབྲི་བ་སྲིད་ན་ཐང་།།

གདོང་པའི་མར་ཁུ་འཁོལ་བ་ཇེ་ཚ་འདིས།།
ཚོར་བ་སྡུག་ལ་སྦྱར་བ་ཤེས་ན་ཡང་།།
ཉི་མ་ཡ་གིར་སྙིང་རྗེ་མེད་པ་དེས།།
འདི་ན་མི་ཡི་འོབས་ལ་འབར་ནས་ཡོད།།

ཡི་གེའི་རི་མོ་ཆུ་ལྟར་བཞུར་བ་དག།།
སེམས་ཀྱི་གཏིང་ནས་ཐོན་པ་ཡིན་ན་ཐང་།།
མཇིང་པ་གཡས་གཡོན་གཉིས་ལ་མ་གཅུས་ན།།
མདུན་གྱི་ཤོག་བུ་དཀར་གཙང་ཡིན་པར་ངེས།།

ངོ་ལ་བལྟས་ནས་འཛུམ་དམུལ་བྱེད་ཚུལ་ལ།།
རེ་བའི་བརྡ་མོ་གང་མང་ཡོད་ན་ཡང་།།
ཡ་གིའི་སྟེང་དུ་དཀོན་མཆོག་ཡོད་ངེས་པས།།
ཕྱི་མ་ཟེར་བར་ངོ་མ་སྐྲག་ཙམ་བྱུང་།།

འགའ་ཞིག་ཏིང་ངེ་འཛིན་ལ་བཞུགས་པ་དག།
ཐུབ་པའི་སྐུ་འདྲར་སྐུར་བ་འདེབས་པ་སྟེ།།
མི་རྟག་བདག་མེད་སྟོང་སོགས་མ་ཡིན་པར།།
མ་གིའི་རྐུན་མ་དག་ལ་སྒོམ་པ་འོ།།

དེ་རིང་རྒྱུགས་ཁང་ཆེན་པོའི་བར་སྣང་ལ།།
ངོ་རིས་དག་ལ་ལྟད་མོ་བལྟས་བལྟས་པས།།
སེམས་པ་ཞིག་གི་སྣང་བའི་རི་མོ་ཞིག།།
སྙན་པའི་ངག་གི་རྒྱུ་བར་བཏགས་པ་འོ།།
                                         2016།11།08 ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།