བཞུགས་རོགས།

                བཞུགས་རོགས།།

གངས་དཀར་པོ་ཤེལ་གྱི་མཆོད་རྟེན་འདྲ།།
དབུ་རྩེ་མོ་མ་ཞིག་བརྟན་རོགས་མཛོད།།
སེང་དཀར་མོ་ཡོད་རབས་མི་བདེན་ཡང་།།
བྱ་རྒོད་པོའི་སེམས་ཀྱི་བརྟེན་ས་ཡིན།།

རྫ་སྨུག་པོ་གཡུ་མདོག་བཞིན་བཟང་མ།།
མར་མ་ཉིལ་བརྟན་པོར་བཞུགས་རོགས་མཛོད།།
ཤིང་མེ་ཏོག་རྒྱས་རབས་མེད་ན་ཡང་།།
ང་ཨ་བྲའི་སེམས་ཀྱི་ཉལ་ས་ཡིན།།

སྤང་བདེ་མོ་དབྱངས་ཀྱིས་མཆོད་འདྲ་མ།།
རྒས་མ་འགྲོ་བརྟན་པོར་བཞུགས་རོགས་མཛོད།།
གསེར་རིན་ཆེན་རྒྱན་གྱིས་མ་བཞད་ཀྱང་།།
ངེད་གཡག་ཆུང་རོག་པོའི་འཚོ་ས་ཡིན།།

ཁམས་དྭངས་བའི་རྒྱུག་ཆུ་དལ་འགྲོ་མ།།
ཆད་མ་ཡོང་རེམ་རེམ་བཞུར་རོགས་མཛོད།།
རིན་ཆེ་བའི་མུ་ཏིག་མེད་རབས་ཀྱང་།།
ངེད་གསེར་ཉའི་ཚོགས་ཀྱི་རྐྱལ་ས་ཡིན།།

ཞིང་ཆུང་ཆུང་ནས་སྙེ་འགུལ་ས་མ།།
འགྱུར་མ་འགྲོ་བརྟན་པོར་བཞུགས་རོགས་མཛོད།།
གློག་ཁྲ་ཁྲའི་འོད་ཟེར་མེད་ན་ཡང་།།
ངེད་བྱ་བྱིའུ་ཚོགས་ཀྱི་འཁྲབ་ས་ཡིན།།
      ༢༠༡༨།༠༥།༢༢ ཉིན། ཉེ་འཁོར་ལ་ལྟ་བཞིན་ཤར་མར་སྦྱར།  རིགས་གྲོལ།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།