དཔལ་ལྡན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་།

དཔལ་ལྡན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་།

དང་པོ། (དགེ་བའི་བཤེས་གཉེན་ཆེན་པོ་སྤྱན་མངའ་ཚུལ་ཁྲིམས་འབར་གྱིས་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་ཇི་ལྟར་ཕྱག་བཏབ་པའི་ལོ་རྒྱུས་མེས་པོའི་ཞལ་རྒྱུན།)

དཔལ་ལྡན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་ནི་ད་ལྟའི་སྟག་རྩེ་རྫོང་ཐང་དཀར་ཁོངས་ལོ་ཕུ་གྲོང་ཚོ་བདུན་པའི་ནང་དུ་ཆགས་ཡོད། དགོན་དེ་ནི་བཀའ་གདམས་སྐུ་མཆེད་གསུམ་གྱི་ཡ་གྱལ་སྤྱན་སྔ་ཚུལ་ཁྲིམས་འབར་གྱིས་ཤིང་མོ་ཕག་གི་ལོ་སྟེ། ཕྱི་ལོ་ ༡༠༧༣ ལོར་ཕྱག་འདེབས་འགོ་བརྩམས།


དེ་ཡང་ཐོག་མར་རྨི་ལམ་ལ་བརྟགས་པ་གནང་ནས་རྨི་ལམ་བཟང་བར་བྱུང་བ་དང་། སྒོས་སུ་སྤྱན་སྔ་རང་ཉིད་ཀྱི་བླ་མ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ། ཤར་གྱི་རི་ནི་གཏེར་སྒམ་བསྒྲིགས་པ་ལྟ་བུ། ལྷོ་ཡི་རི་ནི་མཎྜལ་འབུལ་བ་ལྟ་བུ། ནུབ་ཀྱི་རི་ནི་བཟོད་པའི་གནས་མཆོག་བྲག་རི་ཟོར་དུ་ལངས་པ་ལྟ་བུ།( ལོ་དགོན་ནི་བཟོད་པའི་གནས་མཆོག་ཡིན་པར་གྲགས། ) བྱང་གི་རྒྱབ་རི་ནི་གླང་ཅེན་ཕྲེད་ལ་ཉལ་བ་ལྟ་བུའམ། ཤ་བ་ཡུ་མོ་ཤེས་སྒྲིབ་སྤོང་བ་ལྟ་བུའི་གནས་ཁྱད་པར་ཅན་དེར་དགོན་པ་བཞེངས་ལོའམ་ཞེས་བཀའ་འདྲི་ཞུས་པར། དགེ་བཤེས་འབྲོམ་གྱིས་ལོ་ཞེས་བཏབ་ན་འགྲིག་གསུངས། དེ་བཞིན་ཁྲོ་བོ་མི་གཡོ་བའི་གྲུབ་རྟགས་ཅན་དན་སྡོང་པོར་ལོ་མ་མང་པོ་ཡོད་པ་ལས་ཧ་ཅང་ཆེ་བ་ཞིག་གི་ཐོག་ཡི་གེ་ལོ་ཆེན་པོ་ཞིག་ཤར་བར་གྲགས། དེ་ལས་དགོན་པའི་མིང་ལ་ལོ་དགོན་པ་དང་། ཉན་གྱི་ཡུལ་མིང་ལ་ལོ་ཞེས་ཐོགས་པར་གྲགས།
ཐོག་མར་དཔལ་གསང་བ་བསྡུས་པའི་དཀྱིལ་འཁོར་བཞེངས། མཐའ་ལ་ཀ་བ་བཞི་བཙུགས་ཏེ་ལོའི་དབུ་རྩེ་གོང་ཞེས་པ་བཞེངས། དཀྱིལ་འཁོར་དེའི་སྟེང་དུ་ས་ཁྲི་ཆེན་པོ་ཞིག་གི་ཐོག་གདུང་རྟེན་གཡུ་ཁྲ་ཅན་ཞེས་པ། བཀའ་གདམས་གདམས་ངག་གི་ཐུགས་རྟེན། ལོ་དགོན་པའི་ཐུགས་ཀྱི་རྟེན་གཙོ་བོ་སེར་གླིང་བའི་བུམ་པ་པདྨའི་ཆུཾ་ཅན་གཟུངས་གཞུག་ཏུ་ཕུལ་ཏེ་མཆོག་ཏུ་གྱུར་བའི་མཆོད་རྟེན་བཞེངས།
སྐུའི་རྟེན་དུ་ཇོ་བོ་རྗེ་དང་། འབྲོམ་སྟོན་པ། རྣལ་འབྱོར་མ་རྣམ་བཞི། བཀའ་གདམས་གསེར་རིའི་ཕྲེང་བ་ཞེས་པ་བཀའ་གདམས་བླ་མ་མང་པོའི་སྐུ་རྟེན་བཞེངས།
གསུང་གི་རྟེན་གཙོ་བོར་རིན་ཆེན་སྣ་ལྔས་བྲིས་པའི་འབུམ་ཆེ་འབྲིང་ཆུང་གསུམ་ཕྱག་བྲིས་ཕྱག་བསྟར་མ་བཞུགས། དེ་རྣམས་ནང་རྟེན་ཡིན།
ཕྱིའི་རྟེན་དུ་དགོན་པའི་སྟོད་ཕྱོགས་དེར་བཀྲ་ཤིས་ཕྱོགས་ལྔ་ཞེས་པའི་བཀའ་གདམས་མཆོད་རྟེན་ལྔ་ཡོད། དེ་ལས་གསུམ་ཁོང་སྐུ་ངོ་མས་བཞེངས་པ་དང་། གཞན་གཉིས་ཕྱིས་སུ་བཞེངས་པ་འདྲ། དེ་བཞིན་ཅན་དན་གྱི་སྡོང་པོ་ཡོད་སའི་སྒྲུབ་ཕུག་དེ་བཞེངས་སྐྱོར་གནང་། དེ་ནི་སྤྱན་སྔ་པའི་ཐོག་མའི་སྤྱིལ་བུ་ཡིན། ཁྲོ་བོ་མི་གཡོ་བའི་གྲུབ་ཆུ་ཆུ་མིག་དེར་སྒྲོམ་ཕུལ། ལྷག་པར་ལོ་དགོན་པའི་ལྕགས་རི་ཕྱེད་རྡོ་དང་ཕྱེད་ས་གྱང་ལས་གྲུབ་པ་སྦོམ་ལ་སྲ་བའི་ཐུན་མིན་ཁྱད་ཆོས་ལྡན་པ་དེ་བསྐྲུན་གནང་མཛད།
དེ་ནས་ལོའི་འདུ་ཁང་ཀ་བ་བཅུ་དྲུག་ཅན་བཞེངས་། བཀའ་གདམས་ཀྱི་མགོན་པོ་གྲི་གུག་ནག་པོ་དང་། བཀའ་གདམས་ལྷ་མོ་བཅུ་གཉིས་ལས་དཔལ་ལྡན་ལྷ་མོ་ནམ་མཁའི་གོས་ཅན་མ་གཙོ་བོར་བཞུགས་པའི་བརྟན་མ་ཁང་ཀ་བ་བཅུ་དྲུག་ཅན་ཡང་བཞེངས་། དེར་གནས་བརྟན་བྲག་རིས་མ་སོགས་བཞུགས་ཡོད།
མདོར་ན་ལོ་དགོན་པ་དགེ་བཤེས་སྤྱན་སྔ་པས་དངོས་སུ་སྐུ་ལས་བསྐྱོན་ནས་བཞེངས་པ་དང་། སྐབས་དེའི་དུས་སུ་བཀའ་གདམས་མཆོད་རྟེན་ཆེན་པོ་རྣམ་གསུམ་ཡང་བཞེངས་། ཀོ་བའི་ཤམ་ཐབ་བཞེས་པ་ལས་མཚན་ཡང་དགེ་ཤེས་ཀོ་ཤམ་པར་ཐོགས་པ་ཡང་དེའི་དུས་སུ་ཡིན།
རྗེས་སུ་དགེ་བཤེས་སྤྱན་མངའ་པ་ལོ་དགོན་པའི་གནས་བརྟན་གྱིས་སྤྱུགས་པ་ལྟ་བུས་དེ་ནས་ཕེབས་དགོས་བྱུང་འདུག། དེ་ཡང་སྐབས་དེའི་དུས་ཙ་ན། ད་ལྟ་གྲམ་ཐང་ཞེས་པའི་ས་ཆར་ཉན་དཔོན་མཁར་ཞེས་པའི་གྱང་ཁོག་ཡོད་ས་དེར་ཉན་གྱི་དཔོན་མོ་བོད་རྒྱལ་གླང་དར་མའི་སྤྱོད་པ་དང་མཚུངས་པ། ཆོས་ལ་ཅི་ནས་མི་དགའ་ཞིག་ཡོད་པ་དེས་དགེ་བཤེས་སྤྱན་སྔ་པས་ཡུལ་དེར་དགོན་པ་བཞེངས་པ་དང་། མཛད་འཕྲིན་རྒྱས་བཞིན་པ་མ་བཟོད་ནས་རང་ལ་བློ་ཉེ་བའི་མི་ཞིག་དགོན་པར་གྲྭ་པ་བྱེད་དུ་བརྫངས། གྲྭ་པ་དེས་སྡིག་ལས་ལ་བརྔམས་ནས་ངན་སྐུལ་བྱས་ཏེ་གནས་བརྟན་གྱིས་སྤྱན་ལྔ་པའི་ཐུགས་ཀྱི་ཡོན་ཏན་གཏིང་མ་དཔོག་པ་ལྟ་བུས་དགོན་པའི་དབང་ཆ་བླངས་ནས་སྤྱུགས་ཟེར།
དེ་ནས་ལྷོ་རི་མཎྜལ་འབུལ་བ་ལྟ་བུ་མཁའ་འགྲོ་རི་( དེང་མཁའ་རུ་རི་ཟེར། )ཁང་གསར་བྲག་གདོང་ནས་མར་བྱོན་པ་ན། ལོ་དགོན་པའི་གཞིས་བདག་ལས་མཁན་ཆེན་པོ་ཆེ་ཆང་བུ་མེད་ཁོང་གི་རྗེས་སུ་འབྲངས་ཏེ་བསླེབས་པ་ན་ཁོང་གིས་དེ་ནས་མར་ཡོང་མི་ཆོག་ཅེས་ཕ་བོང་ཞིག་གི་ཐོག་ཕྱག་འཁར་བཙུགས་པ་ན་ཨེ་ཁུང་དོད་པ་ད་ལྟ་ཡང་མཇལ་རྒྱུ་ཡོད། དེར་གཞིས་བདག་དེས། ཁྱེད་རང་ཕེབས་ན་ང་ཡོང་གི་ཡིན། ཞེས་ཞུས་པར། ཁྱོད་ཡོང་མི་དགོས། ང་ཕུད་པ་དེ་ལོའི་བསོད་ནམས་ཞབས་ནས་བརྡོལ་བའི་རྟགས་རེད། ཅེས་གསུངས་པར། གཞིས་བདག་གིས། བསོད་ནམས་ཞབས་ནས་བརྡོལ་ན་ལུང་པར་ཆུ་མེད་པར་གྱུར་བས་ང་ལ་སྐྲ་དང་། གདོང་འཁྲུ་སའི་ཆུ་ཞིག་བརྩལ་དུ་གསོལ་ཞུས་འདུག  དེར་ཁོང་ནས་ཞལ་གྱིས་བཞེས་པས་གཞིས་བདག་དེས་རྗེས་སུ་མ་འབྲང་།
སྤྱན་སྔ་པས་གཞིས་བདག་ལ་གནང་བའི་སྐྲ་ཆུ་དེ། ལོ་ཕུ་སྦ་མོ་ནང་ཆུ་ཤ་ལེ་མ་ཞེས་པ་བྲག་ནས་ཤང་ཤང་དུ་འབབ་པ། འོག་ན་རྡོ་ཡི་སྡིང་ཆ་རྒྱ་ཆེ་ཡོད་པ། དགེ་མཚན་ཆེ་ལ་ལྟ་ན་སྡུག་པ་ཞིག་ཡོད་པ་དེ་ཡིན་པར་གྲགས། དེར་ལོ་དགོན་པས་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་དགུའམ་བཅུ་དགུ་ཉིན་དགེ་སློང་བརྒྱད་དམ་བཅུ་སོགས་ག་ཚོད་ཡོད་པ་ཕེབས་ནས་ཀླུ་གཏོར་དང་། ཀླུ་བསངས། གྲ་རྒྱས་དུས་ས་བདག་གདོང་དྲུག་ཆོ་ག་གཏོང་བཞིན་ཡོད།
དུས་འགྱུར་རྗེས་སུ་དགོན་པའི་ནུབ་ངོས་ཀྱི་རི་བྲག་གདོང་ཟག་མེད་བྲག་ཅེས་པ་ནས་ཆུ་ཡར་བཀག་སྟེ་ཆུ་མཛོད་ཆེན་པོ་ཞིག་བརྒྱབ་ཡོད་པ་ལ་བརྟེན་ཆུའི་དཀའ་ངལ་བསལ་ཐུབ་པ་ལས། སྔོན་མ་ཕུ་ཆུ་ཚང་མ་ས་ལ་ཐིམ་ནས་ས་འོག་ནས་རྒྱུག་སྟེ་ཐང་དཀར་དང་། བྱང་པོའི་བར་ཆུ་མིག་ཅིག་ཡོད་པ་ལས་ཐོན་འགྲོ་བ་ལས། ལོ་ལ་ཆུའི་དཀའ་ངལ་ཆེན་པོ་ཡོད་པར་འདུག  སྤྱན་སྔ་པས་བསོད་ནམས་ཞབས་ནས་བརྡོལ་ཞེས་གསུངས་པ་ཡང་དེ་ལ་གོ་བར་འདུག  །
དེ་ནས་དགེ་བཤེས་སྤྱན་སྔ་པ་ཀླུངས་ཤོད་མདའ་སྨྱུག་རོམ་དགོན་ཞེས་པ་ཁོང་གི་སློབ་མ་སྨྱུག་རོམ་པས་བཞེངས་པར་གྲགས་པ་ལ་བྱོན། དེ་ལ་ཕྱིས་སྤྱན་སྔ་པའི་རྡོ་རྗེ་གདན་གཉིས་པར་གྲགས་འདུག མཐའ་མ་ཀླུངས་ཤོད་ཕུ་ལ་རུག་ཅེས་གདན་ས་ཆེན་པོ་ཞིག་ཡོད་འདུག་པར་བྱོན་ནས་དེར་འདས། སྐུ་གདུང་ཡང་རུག་གི་གཙང་འགྲམ་ཞིག་ན་རུག་ལྷ་ཁང་གདུང་ཞེས་པའི་མཆོད་རྟེན་ཞིག་ཡོད་པ་དེར་བཞུགས་པར་གྲགས།

༔  གསུང་པ་པོ།    ལོ་དགོན་པའི་རྒན་འཆར་སྣང་ལགས།
ཟིན་བྲིས་པ།   རིགས་གྲོལ།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།