ལམ་བུ།

ལམ་བུ།

གཡུ་མདོག་ནགས་ཀྱི་ལྗོན་པའི་དབུས་ན་དཀྱུས་རིང་ལམ་ཟུང་གྱེས་ནས་ཡོད།།
གཉིས་ཀ་ལས་ལ་བསྐོས་པ་མེད་ན་ངེས་པར་གཅིག་ནི་འགྲིམ་དགོས་ཨང་།།
གཅིག་ཐོག་གོམ་ཁ་དལ་གྱིས་སྤོས་ན་གཞན་དེ་སེམས་ཀྱི་འགྲུལ་བཞུད་དེ།།
འདི་ནས་གང་དུ་ལྷགས་པ་ཡིན་རུང་དོན་དུ་ཕྱི་ལ་འཁོར་རམ་ཅི།།

གཡས་གཡོན་མེ་ཏོག་གཞོན་ནུའི་ཚོགས་ཀྱིས་དགའ་བའི་འཛུམ་གྱིས་བསུ་བ་འམ།།
ཡང་ན་མགོ་བོ་འཕྲེད་ལ་གཡུག་ནས་མ་འགྲོ་མ་འགྲོ་ཟེར་བ་ལྟ།།
འོན་ཀྱང་ཅི་ནས་མདུན་སྐྱོད་དགོས་པས་དབུགས་རིང་ཤུགས་ཀྱིས་ལན་ཤས་རྔུབས།།
གཡས་ན་རེ་བའི་མིག་ཞགས་འཕེན་བཞིན་གཡོན་ལ་གོམ་པའི་འདེགས་འཇོག་བྱས།།

བྱ་བྱིའུ་སྐད་ཀྱི་སྙན་ཆ་འདི་ཀོས་བདག་གི་རྣ་བ་ལན་བརྒྱར་འཕྲོག།
འདི་ན་འཚོ་བའི་སྣང་ཞེན་འདུག་སྙམ་དགའ་བའི་འཛུམ་ནི་ལན་བརྒྱར་ཤོར།།
སྐྱི་བསེར་རླུང་གི་གཡུག་ཕྱོགས་ཤིག་གིས་སེམས་པའི་རི་མོ་ཕྱི་ལ་བཤོལ།།
ལམ་བུ་གཞན་དེར་ལན་ཆགས་ཤིག་གམ་ཡིད་ནི་ཕྱི་ལ་ལན་བརྒྱར་ཤོར།།


མགོ་ཐོག་ཤིང་གི་ཡལ་གའི་བར་དེར་ནགས་བྱི་གཉིས་ཀྱིས་རྩེ་བཞིན་དུ།།
ཁོང་གཉིས་གསང་བ་ཤོར་སོང་སྙམ་མམ་བདག་ལ་ཁྲོ་མིག་སྟོན་བཞིན་འདུག།
སྡོང་རྩར་གྲོག་མ་མིག་མེད་མང་པོས་ཟས་སྣ་སྡུད་ལ་བྲེལ་བ་འདིས།།
ངེས་མེད་འབྱུང་བའི་ཆགས་སྒོ་ངན་པ་ཉེ་སར་ཡོང་བའི་བརྡ་ཨེ་ཡིན།།

སྤྲེལ་རྒན་རྐུབ་དམར་སྣབས་ལུག་ཅན་ཞིག་བདག་གི་ལམ་ཁ་འགོག་བཞིན་དུ།།
ཨིར་ཨིར་སྒྲ་ཞིག་ངག་ནས་འདོན་པ་བདག་ལ་ཅི་ཞིག་སྨྲ་འདོད་དམ།།
འཇིགས་སམ་དངངས་པའི་ངང་ཚུལ་འདི་ཡིས་སེམས་པ་ལང་ལོང་འབར་བཞིན་དུ།།
མ་འགྲིག་མ་འགྲིག་འདེམས་ཀ་ནོར་སྙམ་སེམས་པ་སླར་ཡང་ཕྱི་ལ་ཤོར།།

ཕྱིན་ཕྱིན་བསླེབ་པའི་མཐའ་ཞིག་མི་འདུག་ཕ་བོང་འདི་ནས་ངལ་ཞིག་གསོ།།
ལམ་འདིས་གང་དུ་འཁྲིད་རྒྱུ་ཡིན་ནམ་རྒྱང་ལ་མིག་གིས་ཐེངས་མང་བལྟས།།
ཕོ་རོག་ཅིག་གིས་མགོ་ཐོག་འཕུར་བཞིན་བྲོ་སྐད་ལན་འགའ་བརྒྱབ་ནས་སོང་།།
དེ་ནས་སླར་ཡང་བེམ་པོ་ལྟ་བུས་ཚོར་མེད་མདུན་ནས་མདུན་དུ་བསྐྱོད།།

ད་ཆ་ལམ་གྱི་སྣེ་མོ་ཟིན་ནམ་ཡང་ན་སྣང་བའི་རྒྱ་རུ་ཚུད།།
གང་ལྟར་ལམ་འདིས་འཚོ་བ་བསྒྱུར་ཅེས་བདག་གིས་ཅི་ནས་འཆད་པར་འདོད།།
འོན་ཀྱང་སེམས་པ་ཕྱི་ལ་ཤོར་ཚུལ་ད་དུང་འགོག་ཐབས་མི་འདུག་པ།།
འདི་ནི་ཁེར་གྱི་མྱོང་བ་ཨེ་ཡིན་ཁྱོད་ལའང་དེ་ལྟར་ཡིན་ནམ་ཅི།།

                                  2018/04/14  ཉིན།       རིགས་གྲོལ།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།