༢༠༡༦ ལོའི་སྙན་ངག་ཁག་ཅིག
འདྲེ་ལ་རྒོལ་བ།
རིགས་གྲོལ།
རྒྱབ་ནས་ཆོས་སྒར་དྲག་པོས་གཏོར་བཞིན།།
མདུན་ནས་དབང་ཆེན་བཙན་གྱིས་སྐུལ་བ།།
སྒེར་བདག་ཅན་གྱི་སྲིད་དབང་དེ་ཡིས།།
ང་ཚོའི་སེམས་པ་འབར་དུ་འཇུག་གི།
མེས་པོའི་ཁྲག་དང་རྣག་གིས་བཞེངས་པའི།།
བཤད་གྲྭ་ཆེན་མོ་ཐང་ལ་སྙིལ་གྱིན།།
དབང་ཐང་མེད་པར་དབང་ཆེན་སྐུལ་བ།།
འུ་ཚོའི་མགོ་ལ་གཞུ་བའི་རྡོ་རེད།།
དད་པ་བྱེད་ས་མར་མར་སློག་གིན།།
མི་དད་ས་ན་དད་དུ་འཇུག་པ།།
བཙན་དབང་ཅན་གྱི་བརྙས་ཆོས་འདི་ཀོ།།
འུ་ཚོའི་སེམས་པ་གསོད་པའི་མདའ་རེད།།
ཆོས་པ་ངོ་མའི་བླ་མཁར་འཇོམས་གྱིན།།
ཆོས་གཟུགས་ཅན་ལ་ཁྲི་འཕང་རྩེག་པ།།
སུན་གཙེར་ཆེ་བའི་བྱ་སྤྱོད་འདི་དག།
འུ་ཚོའི་སྙིང་ལ་འཛུགས་པའི་ཁབ་རེད།།
བྱིན་རླབས་ལྡན་པའི་འདྲ་སྐུ་བཤིག་གིན།།
བྱིན་རླབས་མེད་པར་གུས་སུ་འཇུག་པ།།
དབང་ཆེན་དཔོན་པོའི་གདུག་རྩུབ་ཆེན་པོ།།
འུ་ཚོའི་དང་བ་གཅོད་པའི་གྲི་རེད།།
ཕར་ངོགས་དེ་ནས་ལྷ་ཁང་རྡལ་གྱིན།།
ཚུར་ངོགས་འདི་ནས་དད་པ་གླེང་བ།།
གཡོ་རྫུན་ཅན་གྱི་བྱ་ངན་འདི་དག།
འུ་ཚོའི་ཁ་ལ་གཞུ་བའི་ལྕག་རེད།།
ནང་ན་དྲག་པོའི་མཚོན་གྱིས་འབྲེག་གྱིན།།
ཕྱི་ན་མཛེས་པའི་རི་མོ་འབྲི་བ།།
གཡོ་ཇུས་ཆེ་བའི་ཐབས་ཚུལ་འདི་དག།
འུ་ཚོའི་རྐང་པ་སྡོམ་པའི་ཆིངས་རེད།།
༢༠༡༦།༠༧།༢༢ དགོང་དྲོ།
༸གོང་ས་མཆོག།
སྟག་འཚེར་ཡུལ་གྱི་ལྟེ་བ་ན།།
ཕལ་པའི་ཁྱིམ་དུ་འཁྲུངས་ཉིན་ནས།།
འགྲོ་དྲུག་ཀུན་ལ་གཉེན་ཉེ་བཞིན།།
བྱམས་པའི་འཛུམ་གྱིས་བསྐྱངས་པ་ཞིག།
པོ་ཏ་ལ་ཡི་ཁང་རྩེག་ན།།
དམར་སེར་དར་གྱིས་བཅིངས་ཉིན་ནས།།
བྱིས་པའི་རྩེད་འཇོ་བློས་བཏང་ནས།།
བློ་རྩེ་ཆོས་ལ་གཏད་པ་ཞིག།
བཅུ་དྲུག་ལང་ཚོའི་ཟིན་མཚམས་ན།།
ཆོས་སྲིད་ཁུར་པོ་བཀལ་ཉིན་ནས།།
རང་གི་བདེ་སྡུག་ཡོངས་དོར་ནས།།
དཀའ་བ་ཁྱད་དུ་བསད་པ་ཞིག།
ལྷ་ས་ཞོལ་གྱི་ཡིག་ཚང་ན།།
དམར་པོའི་བཙན་འཛུལ་ཐེབས་ཉིན་ནས།།
ཕུགས་ལ་དམིགས་རྒྱང་བལྟས་པ་ཡིས།།
སློང་མོའི་ལམ་དུ་ཆས་པ་ཞིག།
འཕགས་པའི་ཡུལ་གྱི་སྣེ་མོ་ན།
ཕྱག་གི་ཐལ་མོ་སྦྱར་ཉིན་ནས།།
སྟོན་པ་སླར་ཡང་བྱོན་པ་བཞིན།།
བསྟན་པ་གསལ་བར་བྱས་པ་ཞིག།
གོ་ལ་ཆེན་པོའི་ཡང་ཐོག་ན།།
ཞབས་ཟུང་དལ་གྱིས་བཅགས་ཉིན་ནས།།
ཁ་བ་ཅན་པའི་བདེ་སྡུག་ཆེད།།
དར་ཆ་བཞིན་དུ་འགྲེངས་པ་ཞིག།
རང་ཁྱིམ་མེད་པའི་ས་མཐའ་ན།།
ལུགས་ཟུང་ཁུར་དུ་བཞེས་མཛད་ནས།།
བུ་ལ་མ་ཡིས་བརྩེ་བ་ལྟར།།
མགོ་ནག་བྱམས་ཀྱིས་བསྐྱངས་པ་ཞིག།
བུ་ངན་མ་ཕར་རྡེག་པ་ན།།
ཐུགས་ཀྱི་བརྩེ་བ་མ་ལྷོད་པ།།
ཁྱིམ་གཞི་སྐྱོང་བའི་ཕ་རྒན་པོ།།
རི་བོ་བཞིན་དུ་བརྟན་པ་ཞིག།
འཕྲང་ལམ་ངན་པའི་གཡང་ས་དག།།
རེ་རེ་བཞིན་དུ་བཀག་བྱས་ནས།།
ལེགས་པའི་ལམ་ཆེན་སྟོན་པ་པོ།།
ཉི་མ་བཞིན་དུ་གསལ་བ་ཞིག།
བུ་ཕྲུག་རེ་རེའི་མདུན་ངོས་ན།།
འོད་དཀར་རེ་རེ་སྦྱིན་བྱེད་པ།།
གང་གི་ཐུགས་ནི་ཀུན་དགའ་སྟེ།།
གངས་རི་བཞིན་དུ་དཀར་བ་ཞིག།
དེ་ཡི་ཐུགས་ཀྱི་བུ་ག་ན།།
འགྲོ་བ་ཡོངས་རྫོགས་འཛིན་བྱེད་པ།།
དེ་ཡང་ཚད་ཀྱིས་འཇལ་རྒྱུ་ན།།
རྒྱ་མཚོ་བཞིན་དུ་ཡངས་བ་ཞིག།
༢༠༡༦།༠༧།༠༦ ཉིན།
འཁྲུངས་སྐར་བསུ།
དེ་རིང་བདུན་པའི་ཚེས་དྲུག་རེད།།
འཛམ་གླིང་ཉི་མའི་འཁྲུངས་སྐར་རེད།།
བོད་ལྗོངས་སྣང་བས་ཁྱབ་ཉིན་ཏེ།།
ཉི་མར་བསང་གིས་མཆོད་དུས་ཡིན།།
དེ་རིང་བདུན་པའི་ཚེས་དྲུག་རེད།།
ལྷ་བྱ་དཀར་མོའི་འཁྲུངས་སྐར་རེད།།
བྱ་ཚོགས་དགའ་བས་མྱོས་ཉིན་ཏེ།།
བྱ་རྒྱལ་དབྱངས་ཀྱིས་མཆོད་དུས་ཡིན།།
དེ་རིང་བདུན་པའི་ཚེས་དྲུག་རེད།།
རྩ་བའི་བླ་མའི་འཁྲུངས་སྐར་རེད།།
གངས་ཕྲུག་ང་ཚོ་སྐྱིད་དུས་སྟེ།།
བླ་མ་མཆོད་པས་བསུ་དུས་ཡིན།།
དེ་རིང་བདུན་པའི་ཚེས་དྲུག་རེད།།
དྲིན་ཆེན་ཕ་ལོའི་འཁྲུངས་སྐར་རེད།།
ཕ་ལོ་སྐུ་ཚེ་བརྟན་པའི་ཆེད།།
སྨོན་པའི་ཚིག་གིས་མཆོད་དུས་ཡིན།།
༢༠༡༦།༠༧།༠༦ ཞོགས་པ།
ཆར་ཤུལ།
ཆར་པ་ཤག་ཤག་ཏུ་འབབ་བཞིན་འདུག་
སེམས་པ་ལྷོག་ལྷོག་ཏུ་འཁོལ་གྱིན་འདུག་
ཤེས་མ་ཤེས་ཀྱི་ངོ་རིས་མང་པོ་ཞིག་གི་ལྷན་
བྱིའུ་ཚང་ལ་འཚངས་པ་ལྟར་ཇ་ཁང་ཞིག་ན་རུབ་ནས་ཡོད་
གནམ་རྒན་མའི་འགྱུར་འགྲོས་འདི་ཡིས་
མི་རྟག་ཟེར་བ་ཡང་དྲན་དུ་བཅུག་སོང་
སྨྱུ་གུ་འཛིན་ནས་ཅི་ཞིག་བྲི་བསམ་དུས་འཛིན་
ཞོགས་པའི་ཉི་ཟེར་ཚ་པོ་དེ་ཡང་སེམས་ལ་འཁོར་ཡོང་
བདག་གི་སྨྱུག་ཁ་ཡང་ཇི་རློན་དུ་གྱུར་བས་
སྙན་ངག་ཟེར་བ་ཆར་ཐིགས་ཀྱི་ཚད་དུ་འདུག
འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་འོང་བ་འདི་ཡང་
སྙན་ངག་པའི་སེམས་པའི་བྲག་ཆ་ཡིན་ངེས་
ཁེར་ལབ།
ས་གཞི་ཡོངས་སུ་མུན་པས་རུམ་པས་བྱ་དག་ཚང་ལ་ལོག་པ་འདྲ།།
འབུ་སྲིན་དག་ནི་སངས་པ་ལྟ་བུས་ཙིར་ཙིར་སྒྲ་དབྱངས་འདོན་པར་བྱེད།།
མཁའ་ཡི་སྐར་མ་འོད་ཆེམ་ཅན་དེས་བརྡ་ཞིག་གཏོང་བར་འདུག་སྙམ་ནས།།
དཀར་དཀར་གློག་འོད་འཕྲོ་ས་འདི་ནས་བདག་གིས་སུ་ཞིག་སྒུག་ནས་ཡོད།།
ཞོགས་པའི་ཉི་ཟེར་ལ་ཁར་ཕོག་དུས་བྲེལ་བྲེལ་ཁྱིམ་ནས་ཐོན་འགྲོ་ཞིང་།།
མཚན་མོ་སྲིན་བྱ་གྲོགས་མོར་བསྟེན་ནས་དལ་དལ་ལམ་ལ་ཆས་འོང་བ།།
མི་འམ་ཅི་ཡི་གྲིབ་གཟུགས་ཅན་དེ་ད་ལྟ་གང་དུ་ཆས་སོང་ངམ།།
སུ་དང་གང་གིས་མིག་གིས་མཐོང་སོང་མ་གསང་དྲང་པོར་ཤོད་དང་ཀྱེ།།
ཡོང་ཡོང་རྐང་སྒྲ་གྲག་རྒྱུ་མི་འདུག་གང་ལ་ཇི་ལྟར་འདུག་ཕོད་དམ།།
ཡང་ན་སེམས་ཀྱི་བརྟན་ས་ཞིག་ནི་་སྙིང་གི་བུ་གར་འཛུལ་བ་འམ།།
མིན་ན་བརྩེ་བའི་རྡོང་པོ་རྒས་པས་འདི་ལ་ཞེན་པ་ལོག་པ་འོ།།
གང་ལྟར་བདག་གིས་འདི་ནས་སྒུག་པ་མུན་པར་སེམས་ཀྱིས་རེ་བ་བཞིན།།
ཟླ་བའི་ལྷ་མོ་མཐོང་སར་མི་འདུག་སུ་ལ་ཇི་ལྟར་འདྲི་བར་བྱ།།
སྐྱབས་དང་གྲོགས་ཤིག་གསོན་པོར་མཆིས་ན་བདག་ལ་ལན་ཞིག་ད་ལྟ་སྦྱིན།།
མིན་ན་དོགས་དང་ངལ་བ་འདི་ཡིས་བདག་གི་སེམས་འདི་བསྲེག་འགྲོ་བས།།
སང་ཉིན་ཟེར་བའི་དུས་ཚིགས་གསར་བར་མིག་སྒོ་འབྱེད་དུས་མི་ཡོང་ངོ་།།
བྷིལ་འཛིན་ཞིག་མཐོང་བ།
བདག་གི་མིང་འདི་སྙན་མོ་སྙན་མོ་ཞིག།
ཁྱོད་ཀྱི་གཏོང་ཕོད་ཡངས་མོ་ཡངས་མོ་ཞིག།
བརྩེ་བ་འདི་ལ་མགོ་རྔ་རིང་མོ་ཞིག།
བར་དུ་བྲལ་བ་ཧྲལ་ཙམ་ཧྲལ་ཙམ་ཞིག།
བདག་གིས་བཤད་ན་ལས་དབང་སྐྱིད་པོ་ཞིག།
ཁྱོད་ཀྱིས་ཟེར་ན་ལྷ་ཡི་གཟིགས་པ་ཞིག།
འདི་ལྟར་ཐུག་པ་སྐྱིད་པོ་སྐྱིད་པོ་ཞིག།
ལས་འཕྲོ་ཟེར་བ་བདེན་པ་བདེན་པ་ཞིག།
ན་ནིང་ཐུག་རྒྱུའི་བར་ཆད་ངར་མ་ཞིག།
ད་ལོ་ཐུག་ཡོང་བསམ་ཡུལ་མེད་པ་ཞིག།
སང་ཉིན་ཟེར་བ་འཇིགས་པ་ཆེན་པོ་ཞིག།
ཐུག་ནས་བྲལ་བ་ཆོས་ཉིད་ངར་མ་ཞིག།
མི་ཚེ་ཟེར་བ་ཡིད་བརྟན་མེད་པ་ཞིག།
བསམ་ཞིང་བསམས་ན་སྙིང་པོ་མེད་པ་ཞིག།
སུ་ཡིས་འདེད་པ་གསལ་ཆ་མེད་པ་ཞིག།
མྱོང་གིན་མྱོང་གིན་བྲོས་ནས་འགྲོ་འདྲ་ཞིག།
2016/06/07

ཚིག་གིས་རྡེབ་པ།
རིགས་གྲོལ།
སེམས་པ་འདི་མེ་ལྟར་འབར་ཞིང་
ལུས་པོ་འདི་སོལ་བར་གྱུར་སོང་ན་ཡང་
ད་དུང་ཅི་ཡང་མ་བྱུང་བ་ལྟར་
གཡས་གཡོན་ལ་ཅེར་ནས་འཛུམ་དགོད་བྱེད་དགོས།
གཏིང་ཞིག་ནས་ཐ་དག་བདག་གི་ཡང་
ཡང་ས་ནས་ཁོ་ཚོ་ཞེས་འབོད་ཀྱིན་
གཅིག་རྗེས་ལ་གཉིས་མཐུད་ཀྱིས་ལྷུང་ཚུལ་མཐོང་ན་
ཡི་ག་ཡང་དབང་མེད་དུ་འགག་འོང་།
མཁའ་མཐའ་ན་སྤྲིན་པ་ཞིག་འཁྲིགས་པས་
བར་སྣང་ན་མག་མོག་ལས་ཅི་ཡང་མེད་
དམའ་ས་འདི་ན་ཆུ་ཐིགས་ཤིག་གིས་ཀྱང་དབེན་པས་
སྐོམ་སྐོམ་པའི་ན་ཟུག་དེར་སུན་ཡོང་གི།
ཁ་རྩང་ཟེར་བ་ནི་རྒྱུ་མ་ཞིག་སྟེ་
དེ་རིང་ལ་འགོ་མོ་མེད་ཚུལ་འདིས་སོ་
སང་ཉིན་ཡང་རྨི་ལམ་ཞིག་སྟེ་
དེ་རིང་ལ་མཇུག་མ་མེད་པ་འདིས་སོ།
ཆུ་མོ་ཤང་ཤང་བཞུར་ས་དེ་ནས་
མེ་ཏོག་གི་འདབ་མ་མ་བཞད་ན་
ཚ་བ་མེ་ལྟར་འབར་ས་འདི་ནས་
ནས་འབྲུའི་ལྗང་པ་ཞིག་ཇི་ལྟར་རྒྱས་ཨང་།།
2016/04/02 ཉིན།
མཐོང་སྣང་སྒྲིག་མེད་མ།
སློབ་མ་ཚོ་ཐིག་སྐུད་ཀྱིས་བཅིངས་འདུག།
སེང་སེང་ཡོད་ཚད་ནས་སྣེ་འཐེན་གྱི།།
སྣེ་མོ་འཛིན་མཁན་དག་ཨ་ལོང་རེད།།
ཨ་ལོང་དེ་ཚོ་ནམ་མཁའ་ལ་འཁྲི་ཡོད།།
ཐ་སྙད་རེ་རེ་འབྲེལ་ལོང་མེད་པར།།
འཕྲེང་བ་ཞིག་ལྟར་རིམ་པར་བརྒྱུས་རྗེས།།
ཡར་ཙམ་འཐེན་པ་ཟེར་བའི་ཤུགས་དགོས།།
ཤུགས་དེ་ཚོ་རི་མོ་ལྟར་གསལ་ཡོད།།
ཁ་ཤས་ཁོག་འཛེར་དང་ནང་རུལ་རྐྱེན།།
སྣེ་མོ་ནས་སར་ལྷུང་སོང་ན་ཡང་།།
སྣེ་འཛིན་པས་ཚོར་བས་དབེན་པ་ལྟར།།
དགོད་འཛུམ་འཛུམ་གྱིས་ཕྱི་ལ་འབུད་དགོས།།
འགོ་ཡ་གིར་བལ་ཞིག་སྒོར་མོར་བཞག་འདུག།
ཚང་མའི་སེམས་ལ་འཇམ་ཐིང་ངེར་ཡོད།།
བལ་དེ་ལ་ཚོས་ཀྱིས་འགོས་མེད་ལས།།
རང་བཞིན་ལ་བསྟོད་མཁན་སུ་ཡང་མེད།།
རི་བོ་འདྲའི་རྩེགས་མ་རེ་རེ་ནི།།
བྱ་ཚོགས་ཀྱི་གསང་བ་སྤྱོད་ས་རེད།།
བདག་གཅེས་ཟེར་བའི་ཚིག་འབྲུ་དེའི་ཆེད།།
ཀྲོང་ངེར་སུ་ཞིག་ལ་སྒུག་ནས་ཡོད།།
བར་སྣང་ན་ལྷ་ཞིག་ཡོད་སྐད་ཀྱང་།།
ལྷ་མ་ཡིན་གྱིས་ལམ་བཀག་སོང་ཟེར།།
ལྷ་སྐད་ཀྱང་མི་གོ་བའི་ཚོད་དེར།།
ཚང་མའི་མཛུབ་མོ་གནམ་ལ་ཀེར་འདུག།
མཚམས་མཚམས་ལ་ཆར་པ་འབབ་ཚོད་ཀྱང་།།
མདོག་གྱུར་བའི་ལྡུམ་རའི་ཤིང་དག་གིས།།
ཅི་ཞིག་ལ་ཚོད་བགམ་བྱེད་པ་ལྟར།།
རྡུལ་གྱི་གོས་ལྗིད་མོ་ཞིག་གྱོན་ཡོད།།
2015/11/17 དགོང་དྲོ་ཤར་མར།

Comments