དེ་རིང་།

དེ་རིང་།

སྤྲིན་པའི་འཁྲིགས་སྟངས་ཇི་ཡིན་མ་ཤེས་ཀྱང་།།
རླུང་བུ་ལྡང་བ་དེ་ཡིས་འཁྱོར་ཙམ་བྱས།།
ཡལ་ག་རེ་ཡང་འགུལ་ཙམ་བྱས་ཤུལ་ནས།།
བདག་ནི་འཆར་སྣང་ཙམ་གྱིས་བརླན་པར་བྱས།།

མི་རྣམས་ས་ཁང་གྲུ་བཞིར་བཏགས་ནས་ཡོད།།
འདོགས་བྱེད་གློག་གི་རྒྱུ་བའི་འཁོར་ལོ་འོ།།
སྒེའུ་ཁུང་ནང་གི་མེ་ཏོག་དམར་པོ་ཡང་།།
ད་ནངས་ཞིག་ནས་སྐྱོ་བའི་ཉམས་ཤིག་ཤར།།

འཇིག་རྟེན་ཁེར་པོར་བུད་པའི་ཞོགས་པ་འདིར།།
ཁྱོད་རང་རི་མོར་བརྫུས་ནས་ཡོང་ངམ་ཅི།།
ཡི་གེའི་ཚིག་འབྲུ་རེ་རེ་ཚིག་ཤུལ་ནས།།
བདག་གི་ངོ་གདོང་འདི་ཡང་འབར་བར་བྱས།།

སིལ་ཁུའི་ཕོར་པ་མཆུ་ཡིས་འཇིབ་ཞོར་དུ།།
ཐང་རིང་ཞིག་ན་བསམ་པའི་མིག་གིས་གཅེར།།
མཁའ་དབུགས་གཡོ་འགུལ་རི་མོ་ལང་ལོང་འདིས།།
བདག་གི་ལུས་ལ་རེ་བའི་གསོན་ཤུགས་སྦྱིན།།

དེ་རིང་མགྲིན་པ་འདི་ཡང་འགག་པ་ལ།།
གྲེ་བའི་ནང་ནས་ཡིག་འབྲུས་འཚང་ནས་འོང་།།
རྩིག་གྱང་ལྡེབས་ཀྱི་རི་མོ་གཅེར་བུ་མ།།
ཁ་བརྡ་ཞིག་གི་མགྲོན་པོ་ཨེ་ཡིན་ནམ།།

ཁྱོད་རང་རྫུ་འཕྲུལ་གྱོན་ནས་མ་ཐོན་ན།།
བདག་གི་ལུས་ནི་སྔར་ནས་ཞུམ་སོང་ངོ་།།
ཐིགས་པ་ཚ་བོ་འདི་ཚོས་ཅི་ཞིག་ཚོས།།
དྲི་མ་ངར་མ་འདི་ཚོས་ཅི་ཞིག་རུལ།།

སང་ཉིན་ཟེར་བའི་ཐ་སྙད་འཛད་མེད་དེར།།
མེ་ཏོག་ཁྲ་ཚོམ་ཤར་བ་ཨེ་མཐོང་ངམ།།
ཕྱི་ཡུལ་མཛེས་སྡུག་བལྟ་བའི་ལྗོངས་རྒྱུ་བར།།
བུང་བའི་གཤོག་པ་ཐོགས་པ་ཨེ་ཡོང་ངམ།།

             ༢༠༡༨།༠༥།༡༤ ཉིན། རིགས་གྲོལ།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།