ཇོ་བོ་རྗེའི་གསོལ་འདེབས།

ཇོ་བོ་རྗེའི་གསོལ་འདེབས།

བྷང་གལ་རྒྱལ་པོའི་སྲས་སུ་བལྟམས་ན་ཡང་།།
རྒྱུ་ནོར་འདོད་པའི་འདམ་ལྟར་ལེགས་གཟིགས་ནས།།
ལྷ་གཅིག་རྗེ་བཙུན་སྒྲོལ་མས་བསྐུལ་བ་བཞིན།།
ཆགས་མེད་དབྱིངས་ལ་བཞུགས་དེར་གསོལ་བ་འདེབས།

གཞོན་ནུའི་དུས་ནས་སྒྲ་ཚད་གསོ་རིག་དང་།།
ནང་དོན་སྙན་ངག་ལ་སོགས་ལེགས་སྦྱངས་ཤིང་།།
ལྷག་པར་བཅོ་ལྔར་ཕེབས་ཚེ་རིག་བྱེད་པའི།།
རྟོག་གེ་ཕམ་པར་མཛད་ལ་གསོལ་བ་འདེབས།།

ན་ལེན་དྲར་ཕེབས་མཁས་པ་མང་བསྟེན་ཏེ།།
ལམ་རིམ་དབུ་མའི་གཞུང་སོགས་ལེགས་སྦྱངས་མཐར།།
བླ་མ་ཨ་ཝ་དྷུ་ཏིའི་བཀའ་དགོངས་ལྟར།།
སྲིད་ཀྱི་མེ་ལྕེ་བཏང་ལ་གསོལ་བ་འདེབས།།

རི་ནག་གཙུག་ལག་ཁང་དུ་བྱོན་མཛད་ཅིང་།།
ར་ཧུལ་གུབ་ཏའི་ཞབས་ཀྱི་པད་དྲུང་ནས།།
ཀྱེེ་རྡོར་དབང་ལུང་ཡོངས་སུ་ཞུས་ཙ་ན།།
གསང་བའི་རྡོ་རྗེ་ཞེས་བྱར་གསོལ་བ་བདེབས།།

དཔལ་ལྡན་རྡོ་རྗེ་གདན་གྱི་འདུལ་འཛིན་པ།།
ཤཱི་ལ་རཀྴི་ཏ་ཡི་ཞབས་དྲུང་ནས།།
ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་བ་ན།།
དཱི་པམ་ཀ་ར་ཞེས་བྱར་གསོལ་བ་འདེབས།།

ཁྱད་པར་བླ་མ་དྷརྨ་རཀྴི་ཏར།།
འདུལ་བ་ལུང་བཞི་བྱེ་བྲག་བཤད་པ་ཆེ།།
ལེགས་པར་གསན་མཐར་སྡེ་པ་བཅོ་བརྒྱད་ཀྱི།།
གཙུག་གི་ནོར་བུར་གྱུར་དེར་གསོལ་བ་འདེབས།།

འཁོར་དུ་སློབ་ཚོགས་སྤྲིན་ལྟར་སྟུག་ན་ཡང་།།
རྒྱ་མཚོར་བཞུགས་ནས་གསེར་གླིང་བྱོན་མཛད་དེ།།
གསེར་གླིང་བླ་མ་ཆེན་པོའི་ཞབས་དྲུང་ནས།།
བྱང་སེམས་སྨན་མཆོག་བླངས་དེར་གསོལ་བ་འདེབས།།

སླར་ཡང་རྒྱ་གར་ཡུལ་དུ་བྱོན་མཛད་ཅིང་།།
སྙིང་རྗེའི་ཐབས་ཀྱིས་དམག་འཁྲུག་ཞི་མཛད་དང་།།
མུ་སྟེགས་བསྟན་པའི་བདག་པོ་གདུགས་བཅུ་གསུམ།།
ཕམ་མཛད་སློབ་མར་བླངས་དེར་གསོལ་བ་འདེབས།།

རྒྱ་གར་ཇམ་བུའི་གླིང་གི་ལྟེ་བ་ན།།
འཁོར་ཚོགས་ཁྲི་ཚོ་སྐྱོང་བཞིན་བཞུགས་ཙ་ན།།
སྔོན་དུས་གསེར་གླིང་བླ་མའི་ལུང་བསྟན་བཞིན།།
བསྟན་པའི་བདག་པོར་གྱུར་ལ་གསོལ་བ་འདེབས།།

ཆོས་ཀྱི་རྒྱལ་པོ་ཡེ་ཤེས་འོད་བྱ་བས།།
དཀའ་བ་བརྒྱ་ཕྲག་སྤྱད་ནས་གདན་དྲངས་ཚེ།།
སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་ཡུལ་དེར།།
བསྟན་པ་འབར་ཕྱིར་ཕེབས་མཛད་གསོལ་བ་འདེབས།།

ཆོས་ལོག་མུན་པ་སྟུག་པའི་བོད་ཡུལ་ན།།
བསྟན་པའི་ཉི་འོད་གསལ་བར་བྱ་བའི་ཕྱིར།།
རྒྱལ་བའི་གསུང་རབ་གཅིག་ཏུ་དྲིལ་བ་ཡི།།
བྱང་ཆུབ་ལམ་རིམ་མཛད་ལ་གསོལ་བ་འདེབས།།

དབུས་གཙང་དམ་པའི་ཕྱོགས་སུ་བྱོན་པ་ན།།
སྲས་ཀྱི་གཙོ་བོ་འབྲོམ་སྟོན་རྒྱལ་བ་སོགས།།
སློབ་ཚོགས་བརྒྱ་ཕྲག་མང་པོ་བསྐྱངས་མཛད་པ།།
བཀའ་གདམས་ཤིང་རྟ་ཆེན་པོར་གསོལ་བ་འདེབས།།

ཡེར་བ་ལྷ་རི་སྙིང་པོའི་མགུལ་ཡངས་སུ།།
ལོ་གསུམ་བཞུགས་ནས་ལྷ་ཆོས་བདུན་ལྡན་གྱི།།
ཡང་གསང་ཐིག་ལེ་བཅུ་དྲུག་དབང་ལུང་རྣམས།།
གནང་ནས་སློབ་གཙོ་བསྐྱངས་ལ་གསོལ་བ་འདེབས།།

མདོར་ན་རྒྱ་བོད་ཇམ་བུའི་གླིང་གི་དབུས།།
འཁོར་ཚོགས་རྒྱུ་སྐར་བྱེ་བ་བསྐྱངས་མཛད་ནས།།
བསྟན་པའི་འོད་སྟོང་འབར་བའི་གཟི་བརྗིད་ཀྱིས།།
ས་གཞིའི་མུན་པ་བཅོམ་ལ་གསོལ་བ་འདེབས།

        ཞེས་པ་གང་གི་གདུལ་བྱར་གྱུར་བ་ཨ་ཅརྱ་སྤེན་པའམ་སྙུག་མིང་རིགས་གྲོལ་དུ་འབོད་པས་ཕྱི་ལོ་  ༢༠༡༧ ཟླ་ ༡༡ ཚེས་ ༠༦ གང་གི་དགོངས་རྫོགས་ཁེལ་ཉིན་ཤར་མར་སྦྱར་བ་འདི་ཡང་བསོད་ནམས་ཀྱི་རྒྱུར་གྱུར་ཅིག།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།