སྙན་ངག་པའི་མཚན་མོ།

སྙན་ངག་པའི་མཚན་མོ།
2017/07/26

སྙན་ངག་པ།
མུན་ནག་གི་སྐྱིབས་འོག་ན།
སྨག་རུམ་ཞེས་པའི་ཐ་སྙད་ཅིག་ཉལ་ཡོད་ཀྱང་།
ཟླ་འོད་ལམ་ལམ་དུ་འཆར་ཡོང་དུས།
ང་ཚོས་ཅིས་ཀྱང་རང་ཉིད་ལ་འོད་སྣང་རེ་སྦྱིན་དགོས།

མཚན་མོ་ནི་ནག་ཐིབ་ཐིབ་ཅིག་སྟེ།
རེག་རེག་ཏུ་གཙེས་ཡོང་བའི་རླུང་ནག་གོ།
ནངས་པར་སྔར་བཞིན་འོད་ཟེར་འཚེར་དགོས་པས།
སྙན་ངག་པ། ས་སྲོད་འདི་ན་
སང་ཉིན་ལ་ལམ་སྣེ་སྟོན་མཁན་དེའོ།

ཟླ་བ་གཟའ་ཡིས་ཟོས་པའི་རྟོག་སྒྲུང་དེས།
མུན་པ་ལ་རྒྱལ་ཁ་ཇི་ལྟར་སྦྱིན་ཡང་།
སང་ཉིན། འཆར་ཁ་ཞེས་པའི་མེ་ཏོག་དེ་འབུད་ངེས་པས།
ང་ཚོས་འཛུམ་དགོད་ཀྱིས་བསུ་མ་ལོས་བྱ།

མུན་པའི་རུབ་ས་ནི་བར་སྣང་སྟེ།
ས་གཞི་ལ་ཀུ་རེ་བྱེད་པའི་ངང་ཚུལ་ཞིག
སྙན་ངག་པ། མགོ་བོ་བར་སྣང་ལ་སྒྲེང་སྟེ།
ཀླད་ཁམས་ན་ཉི་ཟེར་འཕྲོ་བཞིན་པ་དེའོ།

སྙན་ངག་པ།
ནག་ཁུང་ཟེར་བའི་གུར་ཁྱིམ་ན།
སེམས་ཁམས་གློག་འོད་ལྟར་དཀར་བའི་ཟེར་མདངས་བཞད་མཁན་དེ་ཡིན་པས།
སྙན་ངག་གི་མེ་ལྕེ་རེ་རེས།
འཇིག་རྟེན་འདི་འབར་བར་བྱ་དགོས་སོ།

                                       རིགས་གྲོལ།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།