ཀ་རྩོམ། ཁག་གཉིས།

ཀ་རྩོམ།

ཀ་མལ་མཛེས་སྡུག་དགྲ་ལྟར་གནོན་ཞིང་།།
ཁ་ངོ་སྐྱེ་འབྲས་ལྷ་ལྟར་མཚར་མ།།
ག་བུར་ཅན་དན་བཞིན་དུ་བསིལ་ཞིང་།།
ང་ཡི་ཡིད་ཀྱི་གདུང་བ་སེལ་མ།།

ཅ་དངོས་རིན་ཆེན་རིན་ཐང་གཅོད་པའི།།
ཆ་ལུགས་བཟང་པོས་ལུས་ངག་རྒྱན་མ།།
ཇ་དཀར་བཞིན་དུ་ཤ་རྩི་དཀར་བས།།
ཉ་གང་ཟླ་བའི་དཔལ་ལ་འགྲན་མ།།

ཏ་ལེར་སེམས་ལ་འཆར་བའི་དུས་སུ།།
ཐ་མལ་བུད་མེད་རྒྱང་དུ་སྐྲོད་མ།།
ད་དུང་འཇོ་སྒེག་གར་ལ་རོལ་དུས།།
ན་བཞོན་མང་པོའི་ཡིད་སེམས་འགུགས་མ།།

པ་ཕ་ཨ་མར་བསྙེན་བཀུར་ཟབ་ལ།།
ཕ་མ་བཟང་པོའི་གཤིས་རྒྱུད་འཛིན་མ།།
བ་ལུའི་མེ་ཏོག་བཞིན་དུ་མཛེས་ལ།།
མ་མ་བཞིན་དུ་བདག་ལ་བྱམས་མ།།

ཙ་གེ་ཙི་གེའི་ལས་དོན་ཆེད་དུ།།
ཚ་གི་ཚི་གིའི་གཏུམ་སྤྱོད་དབེན་མ།།
ཛ་རེ་ཛོ་རེའི་རང་བཞིན་མེད་པས།།
ཝ་ལེར་ཡིད་ལ་བདེ་བ་སྟེར་མ།།

ཞྭ་གོས་ལ་སོགས་དཔེ་གསར་ཆེད་དུ།།
ཟ་རི་ཟི་རིའི་སྨྱོ་ཧམ་མེད་མ།།
འ་རེ་འུར་རེའི་སྐད་ངན་མེད་ཅིང་།།
ཡ་ཁོག་ནང་ལ་སྙིང་ཆུང་ལྡན་མ།།

ར་རི་ལྟ་བུའི་དྲི་མ་མེད་ཅིང་།།
ལ་རྒྱ་འཚོ་བའི་ཤེས་རབ་ལྡན་མ།།
ཤ་ཉེའི་ཚོགས་ལ་སེམས་པ་དཀར་ཞིང་།།
ས་གཏེར་ལྟ་བུའི་རིན་ཐང་འཛིན་མ།།

ཧ་ལོ་ལྟ་བུའི་སེམས་པ་དཀར་ཞིང་།།
ཨ་གསར་ཆེ་བའི་ཆ་ལུགས་དབེན་མ།།
ཧ་བེ་ཧོ་བེའི་བྲེད་དངངས་མེད་པ།།
ཨ་ཅེ་ལྷ་མོ་དངོས་སུ་བྱོན་མ།།
                               ༢༠༡༧།༠༢།༢༨ མཚན་མོར།

ཀ་རྩོམ། (རྡ་ས་ལ་བལྟས་པ།)

ཀ་ར་བུ་རམ་ལྟ་བུའི་ཞལ་ཟས་ལ།།
ཁ་ཅིག་དགའ་ཡི་ལ་ལ་མི་དགའ་བཞིན།།
ག་དུས་ཡིན་ཡང་གནད་དོན་སྤྱི་བྱེ་བྲག།
ང་ལ་འཐད་ཀྱང་ཁྱོད་ལ་མི་འཐད་ཡོང་།།

ཅ་ཅོའི་ཚིག་ངན་འཕེན་རེས་མ་ཡིན་པར།།
ཆ་ལུགས་བཟང་པོས་གླེང་སློང་བྱ་རྒྱུ་ན།།
ཇ་ལ་མར་གྱིས་རྒྱན་ཆ་སྤྲས་པ་བཞིན།།
ཉ་ཉོག་མིན་པའི་གྲུབ་དོན་ཡོང་ངེས་ཨང་།།

ཏ་ལའི་བླ་མའི་བཀའ་ལ་བརྩི་ཟེར་བའི།།
ཐ་ཤལ་ངོ་ལྐོག་ཅན་གྱི་བྱ་སྤྱོད་དང་།།
ད་ཕན་མགོན་པོར་མཚན་སྨད་ཞུ་མཁན་དག།
ན་ཟླ་ཁྱོད་ཀྱིས་བལྟས་ན་ཁྱད་ཅི་འདུག།

པ་ཕ་ལྟ་བུས་བྱམས་ཀྱིས་བསྐྱངས་པའི་མཐར།།
ཕ་མའི་དྲིན་ལན་ལོག་པར་འཇལ་བ་ཡི།།
བ་གླང་ལྟ་བུའི་སྤྱོད་ཚུལ་ཡ་མ་བརླ།།
མ་གཞི་རྡ་སའི་ཡུལ་ལ་ཁེངས་ནས་ཡོད།།

ཙ་ར་དཔྱད་ན་ནོར་བ་མང་བའི་ལས།།
ཚ་ཚ་འུར་འུར་ངང་ནས་སྤེལ་མཁན་གྱི།།
ཛ་ལང་ཤོར་བའི་མི་ངན་འདོན་འདྲེ་འདྲ།།
ཝ་མོ་བཞིན་དུ་རྡ་སར་ཡིབ་པ་མང་།།

ཞ་ར་འཁར་བར་རྟེན་འདྲའི་གསར་འཐོམ་འགས།།
ཟ་རི་ཟི་རིའི་ཚིག་འགའ་སྒྲོག་པ་ན།།
འ་འུར་ངང་ནས་མཐོང་ཆེན་སྤྲོད་མཁན་མི།།
ཡ་གིའི་རྡ་སའི་གཞུང་ལ་མང་མོད་ཀྱང་།།

ར་རྒན་དུག་གིས་བཟི་བའི་འབའ་སྒྲ་བཞིན།།
ལ་གཏམ་ལུང་གཏམ་བསྲེས་ན་ག་ལ་འགྲིག།
ཤ་ཟན་རྩྭ་ཟན་བསྲེས་ན་ག་ལ་ཡོང་།།
ས་གནམ་སྦྱར་ནས་བཤད་ན་ག་ལ་འཐད།།

ཧ་གོ་ཤེས་པའི་ངང་ནས་བཤད་འགྱུར་ན།།
ཨ་ཇོ་ལྷག་བསམ་གངས་ལས་དཀར་བ་དང་།
ཧ་རི་ཅན་དན་འདྲ་བའི་མི་བུ་དང་།།
ཨ་ཅེ་སེམས་ཤུགས་ཅན་པོའང་རྡ་སར་ཡོད།།
     ༢༠༡༧།༠༣།༠༡ མཚན་མོ་མགོ་ལོག་འཇམ་བློའི་ཕྱི་སྡོད་བོད་མི་ལ་སྨྲས་པ་ཞེས་པ་མཐོང་རྗེས་ཀུ་རེའི་ཚུལ་དུ།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།