དད་མཆོད་ཡིད་ཀྱི་རླབས་སྒྲ།
གདོད་ནས་སྲིད་ཞིའི་ཕ་མཐར་གཤེགས་ཀྱང་སྙིགས་དུས་བསྟན་པའི་སྲོག་ཤིང་ཆེད།།
ལྷ་འཕོས་མི་ཡི་ངང་ཚུལ་འཛིན་པའི་རྒྱལ་མཆོག་བདུད་རྩིའི་ཆུ་རྒྱུན་ཆེའི།།
མཛད་རྣམ་རྒྱ་མཚོའི་ཆ་རིས་ཙམ་ཡང་སྨྱུ་གུའི་གྲུ་ཡིས་འཇལ་བ་ལ།།
མཚོ་བྱུང་སྒེག་མའི་མཉན་གྲོགས་མེད་ན་བློ་དམན་བདག་འདྲས་ནུས་མ་ཡིན།།
‘ ངོ་མཚར་མི་ཡི་དགའ་ཚལ་འདི་ན་ལུགས་གཉིས་ཆོས་ཀྱི་ས་བོན་བཏབ།།
ངོ་མཚར་ཛམྦུའི་ལྟོ་བ་འདི་ནས་མདོ་སྔགས་ཅན་དན་དྲི་བསུང་འཐུལ།།
ངོ་མཚར་ཆོས་ཀྱི་ཚོགས་སྡེ་ཆེན་པོ་ས་ཁར་སྣ་ཚོགས་མེ་ཏོག་བཞད།།
ངོ་མཚར་’འཕྲུལ་གྱི་ཞིང་ས་ཆེ་འདིར་བདེན་པའི་བ་བདེན་ཕྱོགས་བཅུར་རྒྱས།།
ཀ་ཤི་དགེ་ལེགས་འདབ་སྟོང་རྒྱས་པའི་སར།།
ཁ་བའི་ལྗོངས་ཀྱི་མཆོག་གི་སྤྲུལ་སྐུ་ཆེ།།
ག་དུས་ཞབས་ཀྱི་པདྨོ་འཁྲུངས་ན་ཡང་།།
ང་ཅག་བུང་བའི་ཚོགས་ཀྱིས་ཅིས་མི་བསུ།།
ཅ་དངོས་དབྱིག་འཛིན་རྒྱས་པ་ཀུན་གྱི་རྒྱུ།།
ཆ་ཤས་རྡུལ་ཙམ་ཕྲག་ཏུ་བཞེད་མིན་ཡང་།།
ཇ་རྩམ་འདྲེན་པའི་ལུས་ཀྱི་ཁང་བཟང་འདི།།
ཉ་རྒྱས་ཟླ་བའི་དཔལ་གྱིས་རྗེས་སུ་བསྙེགས།།
ཏ་ཐཱ་ག་ཐའི་ཐུགས་མཚོ་ཡངས་མོ།།
ཐ་མལ་ལུས་ཀྱིས་དམ་པའི་གྲུ་བསྐོར་ཞིང་།།
ད་དུང་ཚིག་གི་རླབས་སྒྲ་བསྒྲགས་ཙ་ན།།
ན་ཟླ་ཀླུ་ཡི་ཚོགས་ཀྱང་ལངས་མི་ནུས།།
པ་སངས་མདངས་བཞིན་རབ་དཀར་བྱམས་བརྩེའི་དབྱིག།
ཕ་རོལ་ཕན་ཆེད་བདུད་རྩིའི་རྒྱུན་འབེབས་པས།།
བ་གླང་མཆོག་འཛིན་གནམ་བསྐོས་དབང་ཕྱུག་སོགས།།
མ་བོས་མགྲོན་གྱིས་ཁྱོད་ཞབས་མཆོད་དུ་ལྷགས།།
ཙ་རིའི་ཕར་ནས་སྲིན་འདྲེ་འགས།།
ཚ་གདུག་མེ་ཡིས་ཟེར་བཏབ་ཀྱང་།།
ཛ་ཏིའི་སྨན་མཆོག་རྩེར་རེག་པས།།
ཝ་ཁས་ཆུ་བཞིན་བདག་ཅག་སྐྱོང་།།
ཞ་ལུའི་གསེབ་ནས་རྐང་གཉིས་གཅན་ཟན་ཚོགས།།
ཟ་རི་ཟི་རིའི་བྲོ་གར་བརྩེན་ན་ཡང་།།
འ་ཅག་ལྷག་བསམ་དག་པའི་སྐྱེད་ཚལ་ན།།
ཡ་མཚན་མཆོག་ཁྱོད་མཛད་རེ་ཀུན་ཏུ་རྨད།།
ར་ཡིག་གཉིས་པ་རྡུལ་ཁུས་བཞིན་དུ་གསུང་གི་འོ་མཚོས་འགྲོ་བ་མྱོས།།
ལ་ཁའི་ཉི་མས་གོ་ལ་བཞིན་དུ་ལུགས་གཉིས་སྣང་བས་སྐྱེ་དགུ་ལ།།
ཤ་ཉེའི་ཕྱོགས་རིས་ཏིལ་ཙམ་མེད་པར་མཁྱེན་དཔྱོད་འོད་ཀྱི་ཟེར་མ་འབུམ།།
ས་འདིར་སྤྲོ་མཁས་མགོན་པོ་གང་ཉིད་བསྔགས་འོས་པད་མའི་སྐྱེད་ཚལ་ཡངས།།
ཧ་ཅང་གྲགས་པ་ཆེ་བའི་བ་དན་གྱིས།།
ཨ་སྔོན་ཡོངས་སུ་བཏུམས་འདྲའི་དབྱིག་གཉེན་ཆེ།།
ཨ་ལག་ཁྱོད་ཀྱི་རིག་པའི་མདའ་ཕོག་པས།།
ཧ་ཅང་སྐྱེངས་པའི་ཚུལ་གྱིས་འགུལ་མི་ནུས།།
ས་སྟེང་འདི་ན་ཁྱོད་ཐུགས་བུམ་དཀར་ལས།།
ཤཱཀྱ་སེང་གེའི་ཞབས་པད་འཁྲུངས་སོ་ཞེས།།
ལ་ཀླུང་ལྷོ་ཡི་དྲི་བསུང་འཐུལ་ཙ་ན།།
ར་རིའི་གཟུགས་བརྙན་ཅན་དག་སྐྱག་གཅིན་ཤོར།།
ཡ་བོའི་གཏུམ་སྤྱོད་ཆེར་རྒྱས་པའི།།
འ་འུར་བྱ་བར་རྩོད་པའི་དུས།།
ཟ་ཟ་གང་གི་བྱམས་རྩེའི་གདུགས།།
ཞ་བོ་བདག་འདྲའི་སེམས་ན་འགྲེངས།།
ཝ་ཏའི་རབ་མདངས་མངོན་པར་འཁྲུངས་པའི་ཐུག་དཀར་འོ་མའི་ཆུ་རྒྱུན་མང་།།
ཛམྦུའི་ལྟེ་བར་ཡོངས་སུ་འཁྱིལ་ཞིང་ལྷག་བསམ་འོད་སྟོང་འབར་བ་ཡིས།།
ཚྭ་ཚྭའི་རྒྱ་མཚོའི་རྡུལ་དང་མཉམ་པའི་འགྲོ་བའི་མ་རིག་འབྱིན་མཛད་པ།།
ཙ་ཏའི་འབྲས་བུ་སྙིང་ཁར་བཅངས་ནས་ཁྱོད་ལ་བསྔགས་པར་སུ་མི་གུས།།
མ་ཡུམ་གསུམ་པོའི་ཐུགས་ཀྱི་སྲས་པོ་ཆེའི།།
བ་གམ་སྐལ་བཟང་ཕོ་བྲང་རྒྱས་པའི་དུས།།
ཕ་ཡུལ་པོ་ཏ་ལ་ཡི་ཞིང་ཁམས་སུ།།
པ་ཏྲའི་རི་མོས་བར་སྣང་ཡོངས་སུ་དཀྲིས།།
ནཱ་རོ་པ་ཞེས་སྙན་པའི་དུང་དཀར་ཆེ།།
ད་དུང་སྐྱེ་དགུའི་ངག་ལས་འབུད་ན་ཡང་།།
ཐ་གིའི་རྒྱལ་མཚན་མཁའ་རུ་འདྲེན་མཛད་པ།།
ཏ་ཐཱ་ག་ཐ་ཁྱོད་ལ་འགྲན་ནུས་མིན།།
ཉེ་ཚེས་ཟླ་བས་ཀུ་མུད་དང་།།
ཇ་རྩམ་གཉིས་ཀྱིས་བོད་པ་དག།
ཆ་ལུགས་ཀྱིས་ནི་ཡུལ་སྲོལ་ཏེ།།
ཅ་སྡེ་འིདས་ཀྱང་ཁྱོད་ཞབས་མཆོད།།
ང་ཚོའི་ལྷག་བསམ་འོ་མཚོའི་རྒྱུན་འབུམ་གྱིས།།
ག་ལེར་ཁྱོད་ཀྱི་ཞབས་པད་མཆོད་བགྱི་ཡིས།།
ཁ་བའི་སྐྱེ་འགྲོ་དག་དང་སྤྱི་ཡི་སླད།།
ཀ་ཤིའི་རས་ཡུག་ད་དུང་འཛིན་དུ་གསོལ།།
གང་སྐུ་འོད་ཟེར་ཐིག་ལེ་ཞིང་མཆོག་ཁ་བའི་ཡུལ་དུ་འཕོས་པ་ནས།།
རྒྱལ་རྣམས་ཆོས་ཀྱི་རྔ་སྒྲ་བསྒྲགས་པས་མཆོད་པའི་མེ་ཏོག་རབ་འཁྲུངས་ཤིང་།།
བོད་རྣམས་སྤོས་དང་དྲི་བསུང་ཐོག་ནས་ཡིད་རྩེ་ཁྱོད་ལ་ཉེར་གཏད་སོང་།།
ད་དུང་ཆོས་ཀྱི་སྣང་བ་ཟབ་མོ་དབྱར་གྱི་ཆར་ལྟར་འབེབས་པར་མཛོད།།
༢༠༡༣།༠༤།༠༧ ཉིན་བཅོས།
Comments