གནས་སྐོར་བ།


ཁུ་བྱུག་སྔོན་མོས་ངག་སྙན་སྒྲོག་པ་དང་།།
སྲིན་བྱ་འུག་པས་ལྟས་ངན་སྒྲོག་པ་གཉིས།།
སེམས་ཀྱི་འགྱུ་བར་ལེགས་ཉེས་ཙམ་ཞིག་ལས།།
དོན་དུ་སྐྱབས་སུ་འགྲོ་བའི་རང་བཞིན་གཅིག།

གཡག་གིས་ཐལ་མོ་སྦྱར་ནས་མཆོད་པ་དང་།།
མ་ཧེ་པུས་མོ་གཙུགས་ནས་མཆོད་པ་གཉིས།།
ལུས་དང་སེམས་ཀྱི་ངལ་རྩོལ་ཐ་དད་ལས།།
འདི་དང་ཕྱི་མར་རེ་བའི་རང་བཞིན་གཅིག།


ཅེ་སྤྱང་སྨུག་པོ་ནགས་ཀླུང་མྱུལ་བ་དང་།།
ཁྱི་རྒུ་ནག་ཆུང་གྲོང་ཆོག་འགྲིམ་པ་གཉིས།།
གནས་དང་སྤུ་མདོག་གཉིས་ཀྱི་ཁྱད་པར་ལས།།
ལྟོ་ཡི་ཕྱིར་ན་རྒྱུགས་པའི་རང་བཞིན་གཅིག།

ངན་པས་ང་ཞེས་གཅེས་པར་འཛིན་པ་དང་།།
བཟང་པོས་ང་དེ་ཡལ་བར་འདོར་བ་གཉིས།།
རང་རང་སེམས་ཀྱི་བག་ཆགས་ཙམ་ཞིག་ལས།།
དོན་གྱི་ཕྱོགས་ན་རང་བཞིན་གཅིག་ཏུ་ངེས།།

སྦྲང་མས་གཡས་ནས་སྐོར་བཞིན་འཕུར་བ་དང་།།
གཙག་འབུ་གཡོན་ནས་འཕུར་ལྡིང་བྱེད་པ་གཉིས།།
བསམ་པ་སེམས་ཀྱི་འཁོར་ཕྱོགས་ཐ་དད་ལས།།
དོན་དུ་རིན་ཐང་འཇལ་བའི་རང་བཞིན་གཅིག།

ཉ་མོས་མེ་ཏོག་ཕུལ་ནས་མཆོད་པ་དང་།།
རུ་རུས་ཡན་ལག་བདུན་པས་མཆོད་པ་གཉིས།།
མཐོང་བ་དངོས་དང་དངོས་མེད་ཐ་དད་ལས།།
ཡོད་པ་འབུལ་བར་བྱེད་པའི་རང་བཞིན་གཅིག།

༢༠༡༣།༠༤།༢༤ ཞོགས་པ་སཱརཎཐ་ནས།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།