སེམས་ཀྱི་རྦ་རླབས།


ཞི་བདེ་དང་
རང་དབང་
དྲང་བདེན་
ཇི་འདྲའི་བབས་ཆགས་ཤིང་
གསོན་ཉམས་ཀྱིས་ཕྱུག་པའི་བཀོད་པ་ཨང་།

ཆེས་གདོད་མའི་ནགས་གསེབ་ནས་འཚོ་མྱོང་བའི་སྤྲ་རྒན་ཚོས།
ཤ་ཁྲག་རུས་བཅས་ཀྱིས་གྲུབ་པའི་ཕུང་པོ་རེ་རེར་
རང་བཞིན་གྱིས་བཙད་པའི་གོ་ས་བྱིན་པའི་ལྟེས་དབང་ལས།
རང་རེ་སྟེ། སྨྲ་ཤེས་དོན་གོ་བའི་མི་བུ་དག་བྱུང་ཡོད་ཚོད།

འོན་ཀྱང་་་་་་་
ལོ་ནག་འདི་དག་གི་རིང་
གངས་རི་འདིའི་ཕར་རྒྱབ་ནས་འཚོ་བའི་ངའི་སྤུན་ཟླ་ཚོ།
ལྕགས་ནགས་ཀྱིས་བཏབ་པའི་སྦུ་གུའི་ནང་ན་
དངངས་སྐྲག་གི་མཆི་མ་བཞུར་ཞིང་
ན་ཟུག་གིས་སྨྲེ་སྔགས་འཆོར་གྱིན་པའི་ངོ་གདོང་རེ་རེ་
ཁྱོད་ཀྱིས་མཐོང་ཨེ་བྱུང་།

རྒོལ་གཏམ་དང་
སྡིག་དམོད་
དམའ་འབེབས་
སུ་ཞིག་གི་ངོ་གདོང་ན་
མེ་ལྕེ་བཞིན་འབར་གྱིན་
ངམ་ནག་དང་། ཞེ་གནག་གིས་བསླེབས་དུས།
ཉམ་ཆུང་དང་། བཟོད་སྒོམ་གྱིས་འཚོ་བའི་རྣམ་ཤེས་མང་པོས་
སྐྱོ་གདུང་ལ་བྱིན་པའི་ངུ་ཚིག་དེ་དག་
ཁྱོད་ཀྱིས་ཐོས་ཨེ་བྱུང་།

བཙན་གནོན་དང་
དྲག་གནོན་
གཉའ་གནོན་
སུ་ཞིག་གི་མགོ་ཐོག་ན་
རླུང་འཚུབ་ལྟར་སྡང་ཞིང་
དྲག་ཆར་བཞིན་བབ་ཡོང་དུས་
ཤ་ཆད་རུས་སྡུག་གིས་གཙེས་པའི་འཚོ་བ་རྐྱེན་པོ་
ཁྱོད་ཀྱིས་ཚོར་ཨེ་བྱུང་

ཁོ་ཚོའི་ལུས་ཐོག་ན།
ཁེ་དབང་དང་
མང་གཙོ་
འདྲ་མཉམ་ནི་
མོ་གཤམ་གྱི་བུ་དང་
ནམ་མཁའི་མེ་ཏོག་
ས་ཡི་འཇའ་ཚོན་བཞིན་དུ་དཀོན་པ་ནི་
ཁྱོད་ཀྱིས་ཨེ་ཤེས་ལགས།

འདི་ལོར་ཡང་་་་་་་་་
རེ་ཞགས་ལ་འདུན་མ་བརྐོས་པའི་སྤུན་ཟླ་མང་པོ་
ཁ་ཞེ་གཉིས་མེད་དང་
བློ་ཐག་རྦད་ཆོད་ཀྱི་ཀློང་ནས་
རང་དབང་དང་། འདྲ་མཉམ་
ཐོབ་ཐང་དང་། མང་གཙོ་ལ་གཅེས་པའི་ཚོར་བ་ཟབ་མོས་
གོ་ལ་འདིའི་ཅེར་མིག་ཡོད་ཚད་ཀྱི་མདུན་ནས་
བལྟས་བལྟས་དང་། རིག་རིག་གིས་འབར་སོང་།

ཡིད་སྐྱོ་བ་ཞིག་ལ་
དྲག་ཆས་དང་། གནག་ཆས་སྤྲས་པའི་འདྲེ་ལག་དེ་ཚོས།
འགྲོ་བ་མིའི་རིན་ཐང་ཡོད་ཚད་
སུ་ཞིག་གིས་རྩེད་ཆས་སུ་བྱིན་པ་བཞིན་
རྡུང་རྡེག་དང་། མེ་མདའི་གློགས་ཞགས་ཁྲོད་ནས་
ཚེ་སྲོག་གི་རྒྱུ་བ་རེ་རེ་བཞིན་ས་ཐོག་ན་བསྒྱེལ་ཞིང་
ཟུངས་ཁྲག་གི་ཐིགས་པ་རེ་རེ་བཞིན་ས་གཞིར་ཐིམ་སོང་།

ད་དུང་ཡང་་་་་་་་
སྙད་འདོགས་དང་
བསྙོན་འཛུགས་
ཁ་གཡོགས་ཀྱིས་དབང་ཤུགས་བར་མེད་ངོམས་ནས་
མུན་ཁུང་དུ་ཁྲིད་པ་ཇི་འདྲའི་མང་ཞིང་
ཚ་འདྲི་དང་། བཙན་འདྲིའི་མེ་འོབས་དཀྱིལ་ནས་
དྲན་མེད་དུ་འགྱེལ་བ་ཇི་ཙམ་ཡོད།

བློ་མ་ཕམ་སྤུན་ཟླ་ཚོ་
སྒེར་གཅོད་ཀྱི་མདུང་རྩེ་ཅི་འདྲའི་རྣོ་ཡང་
སྲིན་ནག་མཆི་གཙིགས་ཇི་འདྲའི་ངར་ཡང་
ལུས་ཟུངས་ན་ནར་ནར་དུ་འཁྲི་བའི་རྩ་ཐིག་རེ་རེར་
ས་སྐྱེས་རྡོ་སྐྱེས་ལས་གྲུབ་པའི་བཙན་པོའི་ཁྲག་རྒྱུན་འགོས་རྐྱེན་
ང་ཚོས་བློ་ཅི་ལ་ཕམ།

ཡི་ན་ཡང་་་་་་་
ངའི་སེམས་ཁམས་ན་རྦ་རླབས་ལྟར་འཕྱུར་ཞིང་
མེ་ལྕེ་བཞིན་འབར་འོང་མ་ནི་
ངའི་རྨི་ལམ་སྟེ་
མ་འོངས་པའི་བགྲང་བྱ་ཡི་ང་གདོང་རེ་རེ་
འཚེ་མེད་བསྟུན་མེད་ཀྱི་ཁ་བཏགས་དཀར་པོས་བསུས་ན་འདོད་པ་དེ་ཡིན།

༢༠༡༢།༠༢།༠༧ ཉིན


Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།