རྒྱན་གྱི་བསྟན་བཅོས་ལས་དཔེ་རྒྱན་ཁག་ཅིག་ལ་བལྟས་པ།
གླེང་སློང་།
༄༅། །དེ་ཡང་སྤྱིར་བསྟན་བཅོས་ཆུང་ངུ་ཞིག་བྱེད་པར་ཡང་དམའ་མཐར་རིག་པའི་གནས་ཆུང་བ་ལྔར་བྱང་ཆུབ་པ་ཞིག་དགོས། གལ་ཏེ་དེ་ལྟར་མ་བྱུང་ན་ཡང་བླ་མ་དང་སློབ་དཔོན་སོགས་ཐོས་བསམ་གྱིས་ཕྱུག་པ་ཞིག་གི་ཞབས་ལ་བཏུག་ནས་རང་ཉིད་ཐོས་པ་རྒྱས་པ་ཞིག་དགོས་ཀྱང་། ལྷ་ཆོས་ལ་ཁྲེལ་ཞིང་མི་ཆོས་ལ་དུངས་པའི་མི་ངན་བདག་འདྲ་བས་དེ་འདྲ་ཞིག་ཐུབ་རྒྱུ་ནི། མོ་གཤམ་ལ་སྐྱེ་རྒྱུའི་བུ་དེའི་མདུན་མར་འགྱུར་བར་ངེས་པ་རེད། འོན་ཀྱང་བགྲང་བྱ་མང་པོ་ཞིག་དེབ་ཐེར་མང་པོ་ཞིག་དང་འདྲིས་ཤིང་། སྤྱིར་རང་ཉིད་དེ་དག་ལ་སྤྲོ་བ་ཆེ་བའི་རྒྱུ་མཚན་དང་། རྒྱལ་ཁམས་རིག་པས་བསྐོར་བའི་མཁས་པ་ཆེན་པོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་སྐྱེ་བོ་རང་འགའ་བ་རེ་རེའི་ཁོང་ན་མི་མཐུན་པའི་ཚད་གྲུབ་རེ་ཡོད་ཅིང་། ཚད་གྲུབ་རེ་རེ་ལ་རྒྱབ་རྟེན་ལྟ་བུ་རྡོ་རྗེ་བཀའ་ལུང་ཡོད་ཚུལ་གསུངས་པ་ལྟར། བདག་གིས་ཀྱང་བརྟག་དཔྱད་མེད་པའི་ཐག་གཅོད་ནི་ཟན་ཁུག་འོག་ནས་ལངས་རྒྱུ་མ་བྱུང་བའི་བླ་རྒན་ཞིག་གིས་བུད་མེད་ཀྱི་བྷ་གར་རེག་པའི་ཡོན་ཏན་དག་འབྲེལ་བརྗོད་བྱེད་པའི་དཔེ་རུ་འགྲོ་རྒྱུ་རེད་སྙམ་ཡོད། དེར་རྟེན་རྒྱན་གྱི་བསྟན་བཅོས་ལས་དཔེ་རྒྱན་ཁག་ཅིག་ལ་དཔྱད་བསྡུར་ཅུང་ཙམ་རེ་བྱ་བ་འདོད།
ཐོག་མར་རྒྱན་གྱི་བསྟན་བཅོས་མེ་ལོང་མ་དེ་ཉིད་ཀྱི་སྤྱི་བཤད་ཙམ་སྨོས་ན། དེ་ཡང་དྲང་མོར་བཤད་ན་ཁ་ཞེ་ཆེ་བའི་རང་ཅག་བོད་པ་ཚང་གི་རྒྱུ་དངོས་སོགས་ཅི་མཆིས་རྣམས་ཐོག་མར་གཞན་ནས་དཔེ་བླངས་ཤིང་། གཞན་ལ་ལད་ཟློས་བྱས་པ་ཁོ་ན་ལས་བྱུང་བ་ཞིག་ལས། རང་ཉིད་ཀྱིས་གསར་གྱིས་བསྐྲུན་པ་ཞིག་མེད་ཁོ་དག་རེད། དེ་བཞིན་མེ་ལོང་མ་འདི་ཉིད་ཀྱང་རྒྱ་གར་ནས་བསྒྱུར་ལེན་བྱས་པ་ཞིག་ཡིན་ཞིང་། འདིའི་རྩོམ་པ་པོ་རྒྱ་གར་གྱི་ཚིག་རྒྱན་སྨྲ་བ་དཎྜི་སྟེ། བོད་སྐད་དུ་དབྱུག་པ་ཅན་ཞེས་པ་དུས་རབས་ནམ་ཞིག་ལ་འཚོ་མིན་ཐོག །ལ་ལས་དུས་རབས་བདུན་པ་ཙམ་ལ་ཟེར་ཞིང་། མཁས་པ་འགས་དུས་རབས་བཅུ་གཅིག་ཙམ་ཡིན་པར་ཐག་གིས་གཅོད།
བསྟན་བཅོས་མེ་ལོང་མ་དེ་བོད་གངས་ཅན་ལྗོངས་སུ་ཐོག་མར་ཆོས་རྗེ་ས་པཎ་སྐབས་ནས་འདྲེན་འགོ་ཚུགས་ཤིང་། ས་པཎ་གྱི་མཁས་འཇུག་ཏུ་ཉམས་བརྒྱད་ལ་སོགས་པ་ཅུང་ཟད་བཀོད་གནང་མཛད་ཡོད། དེ་རྗེས་དུས་རབས་བཅུ་གསུམ་སྐབས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྟན་བཅོས་ཡོངས་རྫོགས་བསྒྱུར་གནང་བ་དང་། དེ་རྗེས་དཔང་ལོ་བློ་གྲོས་བསྟན་པས་བཅོས་བསྒྱུར་ཀྱང་མཛད། དེ་རྗེས་ཀྱི་བོད་ཀྱི་མཁས་པ་རྣམས་ཀྱིས་འགྱུར་དེ་ལ་དཔེ་བྱས་ནས་འགྲེལ་བ་མང་པོ་མཛད་ཡོད་ཀྱང་། ཕྱིས་སུ་རྗེ་སི་ཏུས་ལེགས་སྦྱར་གྱི་མ་ཕྱི་གཞི་བཟུང་ནས་འགྱུར་ལ་བཅོས་བསྒྱུར་བྱས་པ་ཉིད་ཀྱི་སློབ་མ་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་རྒྱན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ་མཛད་རྗེས་འགྱུར་མི་འདྲ་བ་གཉིས་ཙམ་ཆགས་འདུག
།བསྟན་བཅོས་འདི་ལྟ་བུར་དཔྱད་སྐབས་གཞི་འཛིན་ས་ལེགས་སྦྱར་ཐོག་ཡོད་པའི་ཨ་མ་རང་བྱེད་དགོས་ཀྱང་།
དེང་རྒྱ་གར་ནང་བསྟན་བཅོས་འདི་བཀོལ་པོ་ཆེས་ཉུང་ཞིང་། ཉིན་རེ་བཞིན་ཟད་ལ་འགྲོ་བའི་དུས་སྐབས་འདིར་ངོ་མ་ཅིག་དཀའ་རྒྱུ་རེད།
འོན་ཀྱང་བྱེ་རྩིར་མར་ཐོན་གྱི་དཔེ་ལྟར་བོད་དཔེ་རྙིང་པ་དག་དང་རྒྱ་དཔེ་ཇི་ཡོད་ལ་གཞི་བྱས་ནས་དཔྱད་པར་སྤྲོ།།
༡༽ དཔེ་རྒྱན་སྤྱིའི་དོན་ལ་དཔྱད་པ།
དཔེ་དོན་ཐ་དད་ཉེར་བཀོད་ནས།།
མཚུངས་ཆོས་སྒྲས་ཟིན་བརྗོད་མ་བརྗོད།།
གང་ཅིར་འགྱུར་བཞིན་མཚུངས་གསལ་སྒྲའང་།།
དཔེ་རྒྱན་སྤྱི་ཡི་མཚན་ཉིད་དོ།།
ཞེས་པ་སྟེ། དེ་ཡང་ཐོག་མར་ཤེས་དགོས་པ་ནི། དཔེ་རྒྱན་ལ་ངེས་པར་མཁོ་བའི་ཆོས་འགའ་ཞིག་སྟེ།
དེ་དག་ནི་གོང་ནས་གསལ་བ་བཞིན། དཔེ་དང་དཔེ་ཅན། མཚུངས་ཆོས། མཚུངས་པ་གསལ་བྱེད་ཀྱི་སྒྲ་བཅས་སོ།
གོང་གི་ཚིག་རྐང་ཐོག་མར་དངོས་སུ་གསལ་བ་བཞིན། དཔེ་རྒྱན་སོ་གཉིས་པོ་ཐམས་ཅད་ལ་དཔེ་དང་དཔེ་ཅན་ངེས་པར་དུ་དགོད་དགོས་ཤིང་། དཔེ་ཅན་ནམ་མཚོན་བྱའི་སྟེང་ཡོན་ཏན་ལ་སོགས་ཁྱད་ཆོས་ཕྱོགས་རེ་བ་གང་ཅིའང་རུང་བ་ཞིག་བསྒྲུབ་པ་ལ།
དཔེའམ་མཚོན་བྱེད་དེའི་སྟེང་ལ་ཁྱད་ཆོས་དེ་དག་ངེས་པར་དུ་ལྡན་པ་ཡོངས་སུ་གྲགས་པ་ཞིག་དགོས།
མཚུངས་ཆོས་ནི་ལ་ལར་དངོས་སུ་སྒྲས་ཟིོན་དགོས་ཤིང་། རེ་འགར་མི་དགོས་འོན་ཀྱང་ཤུགས་སུ་ཡོད་པ་རྟོགས་པ་ཞིག་དགོས། དེ་ནི་དཔེ་རྒྱན་སྤྱིའི་མཚན་ཉིད་དེ།
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “ དཔེ་དོན་ཐ་དད་བཀོད་པ་ལས།། མཚུངས་པར་རྟོགས་བྱེད་དཔེ་རྒྱན་ཡིན།།” ཞེས་གསུངས་སོ། མེ་ལོང་མ་རང་ནས་བཤད་པའི་མཚན་ཉིད་དེ་བོད་འགྱུར་རྗེས་དོན་ལ་ཁྱད་པར་དེ་ཙམ་མེད་ཀྱང་ཚིག་སྦྱོར་གྱི་ཐད་མི་འདྲ་བར་གྱུར་ཡོད་དེ། བོད་མཁས་མི་ཕམ་དགེ་ལེགས་རྣམ་རྒྱལ་རྒྱ་མཚོས། “ ཇི་ལྟར་ཇི་ཞིག་ལྟར་མཚུངས་པར། གསལ་བར་གང་དུ་རྟོགས་བྱེད་པ།
།དེ་ནི་དཔེ་ཞེས་བྱ་སྟེ་དེའི། སྤྲོས་པ་འདིར་ནི་རབ་བཤད་བྱ།།” ཞེས་བཀོད་ཅིང་། ༧རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་སོགས་འགས། “ ཇི་ལྟ་ཇི་ཞིག་ལྟར་མཚུངས་པར། །གསལ་བར་གང་དུ་རྟོགས་བྱེད་པ།
།དེ་ནི་དཔེ་ཞེས་བྱ་སྟེ་དེའི། །སྤྲོས་འདི་ནི་བཤད་པར་བྱ།།” ཞེས་བར་གྱི་རྗེས་འཇུག་ར་ཡིག་ཕལ་ཆེ་བ་མེད་པར་བྱས་པ་དང་། སི་ཏུ་པཎ་ཆེན་གྱི་ལུགས་ཁམས་སྤྲུལ་བ་སོགས་ཀྱིས། “ཇི་ལྟ་ཇི་ཞིག་ལྟར་མཚུངས་པར། །གྱུར་བ་གང་དུ་རྟོགས་བྱེད་པ། །དེ་ནི་དཔེ་ཞེས་བྱ་སྟེ་དེའི། །སྤྲོས་པ་འདི་ནི་རབ་བཤད་བྱ།།” ཞེས་བཀོད་ནས་འགྲེལ་བར། “འགྱུར་ཁ་ཅིག་ཏུ་གསལ་བར་གང་དུ་ཞེས་འབྱུང་བ་ལྟར་ན་གཟུགས་ཅན་ལ་དཔེ་དོན་ཐ་མི་དད་དུ་འདྲེས་པས་མི་གསལ་བ་དང་དེ་ལྟ་བུ་མ་ཡིན་པར་འདིར་ཐ་དད་དུ་མ་འདྲེས་པར་སྣང་བས་གསལ་བ་དང་།” ཞེས་བཀོད་འདུག་པར་བསམ་ཚེ་སྐབས་དེ་དུས་ནས་རྩོད་རྙོགས་ཤིག་མེད་དམ་སྙམ། བསེ་ཚང་བས་ནི། “ཇི་ལྟ་ཅི་ཞིག་ལྟར་མཚུངས་པར། །སྤྲོས་པ་གང་དུ་རྟོགས་བྱེད་པ། །དེ་ནི་དཔེ་ཞེས་བྱ་སྟེ་དེའི། སྤྲོས་པ་འདི་ནི་རབ་བཤད་བྱ།།” ཞེས་ཇི་ཞིག་ཟེར་བ་་ཅི་ཞིག་ཅེས་བཅོས་ནས་བཀོད་པ་ནི་དོན་ལ་ཁྱད་པར་མེད་ཀྱང་ཚིག་སྦྱོར་གྱི་ཆ་ནས་ཡིན་པར་སེམས།
དེ་ལ་རང་ཉིད་ཀྱིས་བསམ་ཚོད་མདོར་བསྡུས་ཤིག་བརྗོད་པར་བྱས་ན། ལེགས་སྦྱར་གྱི་མ་ཕྱི་དེ་བོད་སྐད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དང་མཐུན་པར་བསྒྱུར་ན། ཚིག་རྐང་དང་པོའི་ཡིག་འབྲུ་ཐོག་མ་གཉིས་སམ་ཆ་གཅིག་པོ་དེ་བོད་མཁས་ལྟར་དང་། ཡིག་འབྲུ་བར་མ་ཆ་གཅིག་པོ་བསེ་ཚང་བ་བཞིན་ཅི་ཞིག་ཅེས་བཀོད། ཚིག་རྐང་གཉིས་པའི་ཡིག་འབྲུ་ཐོག་མ་ཆ་གཅིག་པོ་དཔེ་རྒྱན་གྱི་སྐབས་ཡིན་པ་དང་བསྟུན་ནས་གསལ་བར་ཞེས་མ་བཀོད་པར་གྱུར་བ་ཞེས་བཀོད། དེ་བཞིན་ཚིག་རྐང་མཐའ་མའི་ཡིག་འབྲུ་བར་མ་གཉིས་བསྟན་བཅོས་འགྲེལ་པ་པོས་བྱས་པ་ཞིག་མ་ཡིན་པར་བསྟན་བཅོས་མཛད་པོས་བྱས་པར་བརྟེན་བོད་མཁས་བཞིན་འདིར་ནི་ཞེས་བཀོད་དེ། ཆ་ཚང་ཚིགས་བཅད་དུ།
ཇི་ལྟར་ཅི་ཞིག་ལྟར་མཚུངས་པར།།
གྱུར་བ་གང་དུ་རྟོགས་བྱེད་པ།།
དེ་ནི་དཔེ་ཞེས་བྱ་སྟེ་དེའི།།
སྤྲོས་པ་འདིར་ནི་རབ་བཤད་བྱ།།
ཞེས་བཀོད་ན་ཐད་པར་སེམས། འོན་ཀྱང་ད་དུང་བརྟག་དགོས་པ་ཡོད་དོ།།
༢༽ ཆོས་དཔེའི་དོན་ལ་དཔྱད་པ།
དཔེ་དང་དཔེ་ཅན་བཀོད་པའི་སྟེང་།།
མཆུངས་ཆོས་སྒྲས་ཟིན་བརྗོད་པ་གང་།།
མཇུག་ཏུ་མཚུངས་གསལ་སྒྲ་ཡིས་ནི།།
རྟོགས་པར་བྱེད་པ་ཆོས་དཔེ་ཉིད།།
ཅེས་པ་སྟེ། དཔེ་དང་དཔེ་ཅན་གཉིས་གང་དང་ཅི་ཞིག་ཡིན་རུང་དངོས་སུ་བཀོད་པའི་སྟེང་། ཇི་ལྟར་མཚུངས་པའི་དཀར་སེར་སྔོ་དམར་བཀྲ་དང་མཛེས་སོགས་མཚུངས་པའི་ཁྱད་ཆོས་ཚིག་ཟིན་དུ་བསྟན་ནས། དེ་དག་ཆོས་འདིས་འདྲའོ་ཞེས་འོག་ནས་མཚུངས་པ་གསལ་བྱེད་ཀྱི་སྒྲས་དངོས་སུ་བསྟན་པ་ཞིག་དགོས་ཏེ། རྩ་བར།
“ཞེས་པ་ཆོས་དཔེ་དངོས་སུ་ནི། །
མཚུངས་པའི་ཆོས་དག་བསྟན་ཕྱིར་རོ།།” ཞེས་གསལ།
སྐབས་འདིར་བོད་འགྲེལ་སྔ་མ་དང་ཕྱི་མའི་བར་རྩ་བ་ལ་ཚིག་དོན་གཉིས་ཀྱི་ཆ་ནས་མི་མཐུན་པ་ཡོད་དེ། སྔ་མ་ཤོང་དཔང་ཀྱི་ལུགས་བོད་མཁས་དང་༧རྒྱལ་བ་ལྔ་པ་སོགས་ཀྱིས། “མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི། །ཆུ་སྐྱེས་བཞིན་དུ་ཀུན་དུ་དམར།།” ཞེས་བཀོད་ལ། ཕྱི་མ་རྗེ་སི་ཏུ་རྗེས་འབྲང་ཁམས་སྤྲུལ་བ་སོགས་ཀྱིས། “མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི། །ཆུ་སྐྱེས་བཞིན་དུ་ཅུང་ཟད་དམར།།” ཞེས་བཅོས་ནས་བཀོད་ཅིང་། འགྲེལ་བར་ཡང་། ‘ཁྱོད་ཀྱི་ལག་མཐིལ་ནི་ཤིན་ཏུ་དཀར་ཞིང་དྭངས་ལ་དམར་མདངས་དང་བཅས་པ་འདི་ཆུ་སྐྱེས་མེ་ཏོ་པདྨ་བཞིན་དུ་ཅུང་ཟད་དམར་བའི་མདངས་དང་ལྡན་ནོ།’ ཞེས་དང་། ཡང་ ‘འདིའི་གཞུང་ཚིག་སྔར་ཀུན་ཏུ་དམར་ཞེས་བསྒྱུར་བ་རྒྱ་དཔེར། ཨཱཏཱམྲ་ཞེས་འབྱུང་བ་ཉེ་བསྒྱུར་གྱི་ཨཱ་ཡིན་པར་དགོངས་ནས་བསྒྱུར་ཡིན་འདུག་ཀྱང་འདི་ནི་འགག་པའི་ཨ་ཡིན་པར་རྒྱ་འགྲེལ་ནས་བཤད། མཚམས་སྦྱོར་གྱི་དབང་གིས་རིང་པོར་སོང་བ་སྟེ། དེ་ཡང་ཅུང་ཟད་དགག་པ་དམན་པའི་དོན་ཅན་ཡིནཔས་ཅུང་ཟད་དམར་ཞེས་ཀུན་མཁྱེན་བླ་མའི་འགྱུར་བཅོས་གནང་བ་བཞིན་དུ་བཀོད།’ ཅེས་གསུངས་འདུག །དེ་ཡང་ཅུང་ཟད་བདེན་ཏེ་རྒྱ་གཞུང་རྩ་བར་ཨཱཏཱམྲ་ཞེས་ཡོད་ཅིང་། ཨཱ་ + ཏཱམྲ་ = ཨཱཏཱམྲ ཞེས་པ་གྲུབ་པ་ཡིན། ཨཱ་ཞེས་པ་ཉེ་འགྱུར་དང་། ཏཱམྲ་དང་རཀྟ་དོན་གཅིག་སྟེ་དམར་པོའི་དོན་ཡིན། སྤྱིར་ཨཱ་ཞེས་པ་ཀུན་ལ་འཇུག་ཅིང་། དེ་ལ་ནནྡ་ཞེས་དགའ་བའི་དོན་བསྣན་པས་ ཨཱནནྡ་ཞེས་ཀུན་དགའ་བོ་ལྟ་བུ་གྲུབ་མོད། འོན་ཀྱང་ལེགས་སྦྱར་གྱི་ཁྱད་ཚིག་སྦྱར་སྐབས་(སྐབས་རེ་མིང་རྐྱང་ཡང་ཡོད།) དམན་པའི་དོན་སྟོན་པའི་སྒྲ་ལ་འཇུག་པ་ཡིན་ཏེ། དཔེར་ན་པཱཎྜུར་ཞེས་པ་དཀར་པོ་དང་། ཨཱ་+པཱཎྜུར་=ཨཱཔཱཎྜུར་ཞེས་པ་ཅུང་ཙད་དཀར་པོའམ་དཀར་ཤས་ཅན་ཞེས་པ་གྲུབ་པ་ལྟ་བུ་དང་། ཡང་ནཱིལ་ཞེས་པ་སྔོན་པོ་དང་། ཨཱ་+ནཱིལ་=ཨཱནཱིལ་ཞེས་ཅུང་ཟད་སྔོན་པོ་ཞེས་པ་གྲུབ་པ་ལྟ་བུའོ། འོན་ཀྱང་ཁམས་འགྲེལ་ནས་ཨ་དགག་སྒྲ་ཡིན་ལ་མཚམས་སྦྱོར་དབང་གིས་རིང་པོར་སོང་ཞེས་པ་དཔྱད་གཞི་ཙམ་ལས་དོན་དངོས་སུ་མ་ཤར་བས་རེ་ཞིག་འཇོག་པར་བྱ།
འདིའི་ཐོག་ཕྱིས་ཀྱི་མཁས་པ་བསེ་ཚང་བློ་བཟང་དཔལ་ལྡན་སོགས་ཀྱིས་རྩ་བ་རང་ལུགས་སྔ་མ་བཞིན་བྱས་ཀྱང་། འགྲེལ་བར་ ‘ཀརྨ་སི་ཏུའི་འགྱུར་བཅོས་ལས། ཅུང་ཟད་ཞེས་པར་བསྒྱུར་ཅིང་ཀུན་ཏུ་དམར་ཞེས་ན་རབ་བཏགས་སུ་འགྱུར་བས། དཀར་ལ་དམར་བའི་མདངས་ཅན་སྟེ། ཅུང་ཟད་དམར་བར་བསྒྱུར་ན་རྒྱ་འགྲེལ་དང་མཐུན་ཞིང་ལེགས་པར་སི་ཏུའི་རྗེས་འབྲང་རྣམས་འདོད།’ ཆེས་གསུངས་འདུག །རྡོ་རྗེ་རྒྱལ་པོ་སོགས་ཕྱིས་མཁས་པ་གཞན་ཚོས་འགྲེལ་བར་ལུགས་སྔ་མ་བཞིན་བཀོད་པ་མང་།
བདག་གིས་བལྟས་ན། སྐབས་འདི་ལྟ་བུར་རྙིང་ཞེན་བག་ཁུམ་ལྟ་བུས་རང་གི་འདོད་ལུགས་སམ་འཁྲིད་རྒྱུན་གཙོར་བཟུང་མ་ཡིན་པར་དོན་དངོས་པོའི་གནས་ཚུལ་ལ་བརྟག་རྒྱུ་གལ་ཆེ་བར་མཐོང་། འདི་ལྟར་བརྗོད་ན་མཁས་མིང་འཛིན་པ་འགར་མཚན་སྨད་དུ་འགྲོ་ཉེན་ཆེ་ཡང་། ང་ཚོའི་འོས་འགན་ནི་གོང་མ་རྣམས་ཀྱིས་གང་གསུངས་པ་དང་གང་མཛད་པ་དག་ཇི་བཞིན་ཉར་འཇོག་བྱ་རྒྱུ་གཅིག་པུ་མིན་པར་གོང་མ་རྣམས་གཞི་ལ་བྱས་ཏེ་ནོར་བ་རྣམས་འགྲིག་པ་དང་ཆད་པ་རྣམས་ཚང་བར་བྱ་རྒྱུའང་ཡིན་པས་ཅི་ཉེས། ལེགས་པར་བསམ་ན་ཡང་སྐབས་དེའི་དུས་ཀྱི་པདྨའི་མེ་ཏོག་རྣམས་དམར་ཤས་ཆེ་བ་ཟིག་ན་ཅི་ཐང་། དེ་མིན་ད་ལམ་མཐོང་ཆོས་སུ་ཡོད་པའི་པདྨའི་མེ་ཏོག་དེ་འདྲ་རང་ཡིན་ཚེ་ཁ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་རང་དུ་ཡོད། དེ་ཁྱོད་ལྟ་བུ་བྱས་དཔེ་མེ་ཏོག་པདྨདང་དཔེ་ཅན་ལག་མཐིལ་གཉིས་གཉིས་ཀར་ལ་ཁྱོག་བཤད་དམ་རབ་བཏགས་ཆེས་ཆེ་དྲག་འདུག །མ་ཟད་དཔེ་ཅན་ལག་མཐིལ་རང་ལ་ལྟོས་ཀྱང་ཤ་པགས་དཀར་ལ་ཁྲག་གི་དམར་མདངས་ཆགས་ན་མཛེས་ཀྱི་དེ་མིན་དམར་ཤས་ཆེ་ན་སྲིན་པོའི་ལག་འདྲ་བ་ལས་མཛེས་པར་མི་འགྱུར་རོ།།
ལར་ནས་ལེགས་སྦྱར་དང་མཐུན་པར་བྱས་ན་སི་ཏུའི་ལུགས་ཁམས་སྤྲུལ་བས་བྱས་ལྟར་ལེགས། ཉེ་ཆར་ཀོལཀཊ་གཙུག་ལག་སློབ་གཉེར་ཁང་ནས་པར་བའི་ཨནུཀུལ་ཞེས་པ་ལེགས་སྦྱར་དང་བོད་སྐད་ཤན་སྦྱར་དུ་བྱས་པའི་རྩ་བ་དེ་ཡང་ཁམས་སྤྲུལ་བ་ལྟར་ཅུང་ཟད་ཅེས་བཀོད་འདུག།
དཔེ་རྒྱན་འདི་དང་དངོས་དཔེ་གཉིས་ལ་མཚུངས་ཆོས་དངོས་སུ་བཀོད་མ་བཀོད་ཙམ་ལས་གཞན་ཁྱད་པར་ཆེ་བ་གང་ཡང་མེད། དེ་ཡང་ཆོས་དཔེ་ཉིད་ལ་མཚུངས་ཆོས་ངེས་པར་ཚིག་ཟིན་དུ་དགོས་ཤིང་དངོས་དཔེར་མི་དགོས་སོ།།
༣༽ རྨོངས་པའི་དཔེའི་དོན་ལ་དཔྱད་པ།
དཔེ་དང་དཔེ་ཅན་འདྲ་ཆེ་བས།།
དཔེ་ཅན་མཐོང་ན་དཔེར་འཁྲུལ་ཞིང་།།
དཔེ་ཉིད་མཐོང་ཚེ་དཔེ་ཅན་དུ།།
རྟོག་པ་དེ་ནི་རྨོངས་པའི་དཔེའོ།
གཞན་དག་འཁྲུལ་དཔེར་འབོད་པའང་ཡོད།།
ཞེས་པ་སྟེ། མཚུངས་པའི་ཆོས་གཉིས་ཐ་དད་དུ་བཀོད་པ་གང་ཞིག །དེ་གཉིས་ཧ་ཅང་འདྲ་ཆེ་བས་སོ་སོར་དབྱེ་མི་ཐུབ་པར། དཔེ་མཐོང་ན་དཔེ་ཅན་རེད་བསམ་འཁྲུལ་ཞིང་། དཔེ་ཅན་མཐོང་ཚེ་དཔེ་རེད་སྙམ་འཁྲུལ་བར་བྱེད་པའི་དཔེ་རྒྱན་ཞིག་ཡིན་ཏེ། རྩ་བ་ལས་ཀྱང་།
ལུས་ཁྲ་ཁྱོད་གདོང་རི་བོང་ཅན།།
ཞེས་བཏགས་ཁྱོད་གདོང་བསམ་པ་ཡིས།།
ཟླ་བ་ཡི་ཡང་རྗེས་སུ་བསྙེགས།།
ཞེས་འདི་རྨོངས་པའི་དཔེ་རུ་བཤད།། ཅེས་གསལ།
སྐབས་འདིར་བོད་འགྲེལ་རྣམས་ལ་མི་མཐུན་པ་ཡོད་དེ། ༧རྒྱལ་དབང་ལྔ་པས།
རྩ་བར། ལུས་ཁྲ་ཁྱོད་གདོང་རི་བོང་ཅན།།
ཞེས་བཏགས་ཁྱོད་གདོང་བསམ་པ་ཡིས།།
ཟླ་བ་འདི་ཡང་རྗེས་སུ་བསྙེགས།།
ཞེས་འདི་རྨོངས་པའི་དཔེ་རུ་བཤད།།
ཞེས་བཀོད་ནས། འགྲེལ་བར་སྣར་ཐང་ལོ་ཙཱ་བའི་དགོངས་པ་ལྟར། ‘དཔེ་ཅན་ལུས་ཕྲ་མ་ཁྱོད་ཀྱི་གདོང་དང་། དཔེ་རི་བོང་ཅན་གཉིས་ཧ་ཅང་འདྲ་བས་གང་ཡིན་ཞེས་བརྟགས་ཀྱང་ཤན་མ་ཕྱེ་བར། ཁྱོད་ཀྱི་གདོང་ནི་ཟླ་བར་འཁྲུལ་བའི་བསམ་པ་ཡིས། ཆགས་པའི་དབང་གིས་བཅོ་ལྔའི་ཟླ་བ་ཤར་བ་འདིའི་རྗེས་སུ་སྙེག་གོ། །ཞེས་པ་འདི་ནི་དཔེ་ཅན་དཔེ་རུ་འཁྲུལ་བས་རྨོངས་པས་རྨོངས་པའི་དཔེ་རུ་བཤད་དོ་’ ཞེས་བཀྲལ་ཞིང་། དཔེར་བརྗོད་དུ། ‘འཆི་མེད་ཡུལ་དུ་གཤེགས་ཕྱིར་ཤཱཀྱའི་ཏོག །ཀུན་གསལ་ངོས་སུ་ཐོགས་མེད་རྒྱུ་བ་ན། །རྟ་བདུན་མཁའ་ལ་འགྲོ་ཞེས་བླུན་པོ་འགའ། །པད་དཀར་འདབ་མ་འཛུམ་ལྟ་ཕྱིར་རྒྱུག །ཅེས་བཀོད།
བོད་མཁས་ཀྱིས། རྩ་བར། ལུས་ཁྲ་ཁྱོད་གདོང་རི་བོང་ཅན།།
ཞེས་བཏགས་ཁྱོད་གདོང་བསམ་པ་ཡིས།།
ཟླ་བ་ཡི་ཡང་རྗེ་སུ་བསྙེགས།།
ཞེས་འདི་རྨོངས་པའི་དཔེ་རུ་བཤད།། ཅེས་བཀོད་ཅིང་།
འགྲེལ་བར། ‘ལུས་ཕྲ་མ་ཁྱོད་ཀྱི་གདོང་པ་ནི་རི་བོང་ཅན་ཞེས་ཏེ་ཟླ་བ་ཡིབ་པར་བཏགས་ལ། ཁྱོད་ཀྱི་གདོང་ཡིན་པར་བསམས་ནས་དོན་དུ་གཉེར་བའི་བློ་ཡིས་ཟླ་བ་ཡི་ཡང་རྗེས་སུ་བསྙེགས་ཏེ་ཕྱིན་ནོ་ཞེས། ཡང་གི་སྒྲ་ནི་དཔེ་དཔེ་ཅན་གཉིས་ཀ་ཡང་ཡང་ངོ་མ་ཤེས་པར་འཁྲུལ་བར་བསྟན་པའི་ཕྱིར། རྨོངས་པའི་དཔེ་ཞེས་བྱ་བར་བསད་དོ།’ ཞེས་བཀྲལ་ཞིང་། དཔེ་བརྗོད་དུ། ‘ཁྱོད་ལུས་འབིགས་བྱེད་རླུང་གཞོན་གྱིས་བསྐྱོད་པའི། །འཁྲི་ཤིང་གཞོན་ནུར་རབ་འཁྲུལ་མཛེས་སྡུག་ཅན། །གང་གི་གཟུགས་ལ་མངོན་ཆགས་སྐྱེས་ཚལ་གྱི། །གསར་འཁྲུངས་ལྗོན་པའི་མགུལ་ནས་འཁྱུད་རྩོམ་མོ། །ཞེས་བཀོད་འདུག།
ཁམས་སྤྲུལ་གྱིས་རྩ་བ་བོད་མཁས་བཞིན་བཀོད་ཅིང་། འགྲེལ་བར། ‘ཀྱེ་ལུས་ཕྲ་མ་ཞེས་དགའ་མར་བོས་ནས་ཁྱོད་ཀྱི་གདོང་པ་འདི་ནི་རི་བོང་ཅན་ཟླ་བ་ཡིན་ནོ་སྙམ་དུ་བདག་གིས་འཁྲུལ་ནས་བརྟགས་པ་སྟེ་བསམ་ལ། ཡང་ནམ་མཁའི་ཟླ་བ་མཐོང་བའི་སྐབས་སུ་ཁྱོད་ཀྱི་གདོང་པ་ཡིན་ནོ་སྙམ་དུ་བསམ་ནས་དོན་དུ་གཉེར་བའི་བློས་དེའི་རྗེས་སུ་བསྙེགས་ནས་ཕྱིན་ནོ། ཞེས་དཔེ་ཅན་མཐོང་བས་དཔེ་རུ་འཁྲུལ། དཔེ་མཐོང་བས་དཔེ་ཅན་དུ་འཁྲུལ་ནས་གཉིས་པོ་མཚུངས་ཆེས་པས་སོ་སོར་དབྱེ་བ་མ་ཕྱེད་པར་རྨོངས་སྐད་དུ་བརྗོད་པས་དཔེ་དོན་གཉིས་མཚུངས་པར་སྒྲུབ་པའི་རྒྱན་འདི་རྨོངས་པའི་དཔེ་ཞེས་བྱའོ།’ བཀྲལ་ཡོད། །
བསེ་ཚང་བས་རྩ་བ་༧རྒྱལ་དབང་ལྔ་པ་བཞིན་བཀོད་ཅིང་།
འགྲེལ་བར། ‘དཔེ་ཅན་ལུས་ཕྲ་མའི་གོདང་དང་།
དཔེ་རི་བོང་ཅན་ཟླ་བ་གཉིས་ཧ་ཅང་འདྲ་ཆེས་པས། གང་ཡིན་བརྟགས་ཀྱང་ཤན་འབྱེད་མ་ནུས་པར་མ་ཟད།
གདོང་དེ་དཔེ་ཟླ་བ་དང་མཚུངས་ཆེ་བའི་རྐྱེན་གྱིས་མཛེས་མའི་གདོང་དེ་ཟླ་བར་འཁྲུལ་ཏེ་ཆགས་པའི་དབང་གིས་བཅོ་ལྔའི་ཟླ་བ་ཤར་བ་དེའི་རྗེས་སུ་བསྙེགས་སོ།།’ ཞེས་བཀྲལ་འདུག།
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩ་བ་བོད་མཁས་ལྟར་བཀོད་ཅིང་།
འགྲེལ་བར། ‘ལུས་ཕྲ་མ་ཁྱོད་ཀྱི་གདོང་འདི་ནི་རི་བོང་ཅན་ཏེ་ཟླ་བ་ཡི་ཡིན་ནམ་སྙམ་དུ་བརྟགས་ནས་འཁྲུལ་བར་བྱེད་ལ།
ཡང་ནམ་མཁའི་ཟླ་བ་མཐོང་བའི་སྐབས་སུ་ཁྱོད་ཀྱི་གདོང་པ་ཡིན་ནོ་སྙམ་ནས་དགའ་མ་ཀྱོད་དོན་དུ་གཉེར་བའི་བློས་ཟླ་བའི་རྗེས་སུ་བསྙེགས་ནས་ཕྱིན་ནོ་ཞེས་དཔེ་ཟླ་བ་དང་།
དཔེ་ཅན་མཛེས་མའི་གདོང་གཉིས་ཧ་ཅང་འདྲ་བའི་ཆ་ནས་སོ་སོར་དབྱེ་བ་མ་ཕྱེ་བར་ཕན་ཚུན་འཁྲུལ་བར་བརྗོད་པའི་ཤུགས་ལ།
དཔེ་ཅན་མཛེས་མའི་གདོང་དེ་ཉིད་དཔེ་ཟླ་བ་དང་མཚུངས་པར་གོ་བར་བྱེད་པ་འདི་ནི་རྨོངས་པའི་དཔེར་བཤད་པ་ཡིན་ནོ།’
ཞེས་བཀལ་འདུག།
གོང་དུ་བཀོད་པའི་བོད་ཀྱི་མཁས་དབང་དག་གི་འགྲེལ་བ་རྣམས་ལས་རང་ཅག་གིས་གསལ་པོར་རྟོགས་པར་བྱ་བའི་འགལ་བ་གཉིས་ཏེ།
ཐོག་མ་ནི་རྩ་བའི་ཚིག་རྐང་གསུམ་པར་ལ་ལས་ཟླ་བ་འདི་ཡང་ཞེས་བཀོད་ལ། གཞན་དག་གིས་ཟླ་བ་ཡི་ཡང་ཞེས་བཀོད་པ་དེ་ཡིན།
སྐབས་འདིས་བློ་ཅན་དག་ལ་ཡང་ཐེ་ཚོམ་གྱི་གོང་བུ་སྐྱེ་བར་བྱེད་དོ། དེ་ཡང་ཟླ་བ་འདི་ཡང་ཞེས་བཀོད་པ་དག་གིས་ཟླ་བ་ཁོ་ན་ཁྱོད་ཀྱི་གདོང་པར་འཁྲུལ་ནས་རྗེས་སུ་བསྙེགས་སོ་ཞེས་པའི་དོན་ལ་བཀྲལ་ཅིང་།
ཟླ་བ་ཡི་ཡང་ཞེས་བཀོད་པ་དག་གིས་ཟླ་བ་ཁྱོད་ཀྱི་གདོང་དུ་འཁྲུལ་བ་མ་ཟད་ཡང་ཞེས་པས་ཁྱོད་ཀྱི་གདོང་ཟླ་བར་འཁྲུལ་ཞེས་ཕན་ཚུན་གནིས་ཀར་འཁྲུལ་བ་ཤུགས་ལས་རྟོགས་དགོས་པར་བཀྲལ་ཡོད།
གཉིས་པ་ནི་ལ་ལས་རྩ་བ་ལས་དཔེ་ཅན་དཔེ་རུ་འཁྲུལ་བ་ཟིག་དགོས་པ་ལས་དཔེ་དཔེ་ཅན་ལ་འཁྲུལ་བ་ཞིག་དགོས་པ་དངོས་སུ་གསུངས་མེད་པས།
དཔེ་དཔེ་ཅན་དུ་འཀྲུལ་བ་དག་དགོད་མི་རིགས་སོ་ཞེས་མཐའ་གཅིག་ཏུ་འགེམས་པར་བྱེད་ཅིང་། གཞན་དག་གིས་རྩ་བར་ཟླ་བ་ཡི་ཡང་ཞེས་བཀོད་པས་དཔེ་ཅན་དཔེ་རུ་འཁྲུལ་བ་དངོས་སུ་བསྟན་པའི་སྟེང་དཔེ་དཔེ་ཅན་དུ་འཁྲུལ་བ་ཤུགས་ལས་བསྟན་པས་དེ་འདྲ་ཞིག་བྱེད་རུང་ངོ་ཞེས་རྩོད་པར་བྱས་ཀྱང་།
རྒྱུ་མཚན་གྲུབ་དོན་བརྙེད་པ་ཞིག་འགོད་ཐུབ་མེད་པར་སེམས།
རྒྱ་གཞུང་ལྟར་ན་སྐབས་འདིར་སྙན་ངག་མཁན་གྱི་བརྗོད་འདོད་ནི་དཔེ་དང་དཔེ་ཅན་གཉིས་ཕན་ཚུན་ཆེས་འདྲ་བས་དཔེ་མཐོང་ན་དཔེ་ཅན་ཡིན་པར་སྙམ་པ་དང་།
དཔེ་ཅན་མཐོང་ན་དཔེ་ཡིན་པར་སྙམ་པ་སྟེ་ཕན་ཚུན་ཁྱད་པར་ཅང་མེད་པར་སྟོན་ཆེད་ཡིན་པས། འཁྲུལ་ཐེངས་གཉིས་སུ་བཞེད་པ་དག་ཐད་པར་སྙམ།
འོན་རྒྱན་གྱི་བསྟན་བཅོས་གྱི་རྩ་བ་ལས་མ་གསུངས་ཀྱང་བོད་སྐད་ཀྱི་དབང་དུ་རྒྱན་ལ་འགྲོ་ཞིང་མཛེས་པར་བྱེད་པ་ཞིག་ཡོད་ན་སྦྱར་དུ་རུང་བར་མཐོང་ངོ་།
དཔེར་བརྗོད་དུ། སྔ་མའི་ལུགས་བཞིན།
བྲམ་ཟེ་སིདྷ་འདུལ་བྱེད་དྷིཏི་ཀས།།
ཀུན་གསལ་དབྱིངས་ནས་འོད་ཀྱིས་རྒྱུ་བ་ཡིས།།
པདྨའི་གཉེན་མཆོག་གནས་སུ་འཕོ་བོ་ཞེས།།
ཀཱམརུ་པའི་མི་རྣམས་མཆོད་པར་བྱེད།། ལྟ་བུ་དང་།
ཕྱི་མའི་ལུགས་བཞིན།
རབ་དཀར་བསིལ་ཟེར་ཟླ་བ་མཛའ་ན་མོའི།།
ཡིད་འོང་བྱད་བཞིན་བསམ་ནས་འཐམ་དུ་ཕྱིན།།
སླར་ཡང་ཡིད་འོང་བུ་མོའི་དཀར་གསལ་ཞལ།།
མཐོང་བས་དབྱིངས་སྔོན་ཟླ་བ་ཉིད་དུ་འཁྲུལ།།
ཞེས་པ་ལྟ་བུའོ།།
༤༽ རྨོངས་དཔེ་དང་འདྲ་བའི་དཔེ་རྒྱན་གཞན་གྱི་ཁྱད་བསྡུར།
༡༽ དེ་ཡང་ལ་ལ་ཞིག་གིས་རྨོངས་པའི་དཔེ་འདི་ཉིད་དང་ཕན་ཚུན་གྱི་དཔེ་གཉིས་ཀྱི་དོན་དཔྱིས་ཕྱིན་པར་མ་རྟོགས་ནས།
དེ་གཉིས་ལ་ཁྱད་པར་མེད་པར་གྱུར་རོ་སྙམ་པ་སྲིད་མོད། འོན་ཏང་ཕན་ཚུན་གྱི་དཔེ་ནི་དཔེ་ཅན་ཡོད་པའི་དཀར་སེར་སྔོ་དམར་བཀྲ་སྡུག་མཛེས་ལ་སོགས་པའི་ཁྱད་ཆོས་གང་ཡང་རུང་བ་ཞིག་དཔེ་ཅན་ལ་ལྡན་པས།
དཔེ་དཔེ་ཅན་ཕན་ཚུན་འཇལ་རེས་ཙམ་བྱས་པའི་སྒོ་ནས་དེ་གཉིས་མཚུངས་སོ་ཞེས་ཁྱད་འཕགས་བརྗོད་པ་ལས་རྨོངས་པའི་དཔེ་བཞིན་འཁྲུལ་བ་སོགས་རྣམ་པ་གཞན་གང་ཡང་མེད་པ་ཞིག་དགོས་ཏེ། རྩ་བ་ལས་ཀྱང་།
ཁྱོད་ཀྱི་ཞལ་བཞིན་ཆུ་སྐྱེས་ཏེ།།
ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་གདོང་།།
ཞེས་པ་ཕན་ཚུན་ཁྱད་འཕགས་ནི།།
བརྗོད་པར་བྱེད་འདི་ཕན་ཙུན་དཔེ།། ཞེས་གསལ་བ་བཞིན་ནོ།།
༢༽ ཡང་ཁ་ཅིག་རྨོངས་པའི་དཔེ་ཉིོད་དང་ཐེ་ཙོམ་གྱི་དཔེ་གཉིས་དབྱེ་བ་མ་ཕྱེ་བར་བརྗོད་པ་ཡང་སྲིད་མོད།
འོན་ཀྱང་ཐེ་ཚོམ་གྱི་དཔེ་དཔེ་ནི་དཔེ་དང་དཔེ་ཅན་གཉིས་ཁྱད་ཆོས་གང་ཡང་རུང་བ་སོ་སོ་ནས་རྨོངས་ཏེ་དཔེ་དེ་ཉིད་དང་།
དཔེ་གཉིས་སོ་སོར་དབྱེ་བ་གསལ་བོར་འབྱེད་མི་ནུས་པར་ཐེ་ཚོམ་ཟ་བ་ཙམ་བརྗོད་པ་ལས། དེ་གཉིས་མཚུངས་པར་སྟོན་པ་ཞིག་དགསོ་ཏེ།
རྩ་བ་ལས།
པད་ནང་བུང་བ་འཁོར་རམ་ཅི།།
ཁྱོད་གདོང་ལ་མིག་གཡོ་འམ་ཅི།།
བདག་གི་སེམས་ནི་རྣམ་པར་གཡོ།།
ཞེས་པ་འདི་ནི་ཐེ་ཚོམ་དཔེ།།
ཞེས་གསལ་བ་བཞིན་ནོ།།
ད་དུང་བརྟག་དགོས་པ་ཧ་ཅང་མང་མོད་ཀྱང་རེ་ཞིག་འདིར་འཇོག་པར་བྱ།།
གངས་ཅན་རིག་མཛོད་རྒྱལ་གྱུར་ཅིག
བོད་རབ་བྱུང་བཅུ་བདུན་པའི་རབ་གནས་མེ་ཁྱི་ལའི་ཁྲུམ་སྟོད་ཟླ་བའི་དམར་ཕྱོགས་རྒྱལ་བ་གསུམ་པའི་ཉིན་རྫོགས་པར་བྱས།
༢༠༡༣།༠༤།༡༠ ཉིན་བཅོས།
Comments