དེང་རབས་ཀྱི་མཛེས་སྡུག།



མཁའ་སྤྲིན་སྨུག་པོའི་བར་ནས།།
ཐུག་སྒྲ་ངར་གྱིས་སྒྲོག་དུས།།
གཡུ་འབྲུག་སྔོན་མོ་ཞིག་ཀྱང་།།
སྐྲག་ནས་ལྐུགས་སུ་གྱུར་ཐལ།།

མཁའ་ལམ་མཐོ་པོའི་ཐོག་ན།།
ལྕགས་གྲུ་ནམ་ཕངས་གཅོད་དུས།།
བྱིའུ་ཆུང་ཅོ་ཀ་ཞིག་ཀྱང་།།
འཁང་ནས་ཁ་འདར་ལང་ཐལ།།

དེང་རབས་གྲོང་ཁྱེར་གསར་པར།།
སྣུམ་ཟ་འུར་གྱིས་འགུལ་དུས།།
རྟ་རྒན་རྐྱང་པོ་ཞིག་ཀྱང་།།
ཧོན་ནས་ཐང་ལ་འགྱེལ་ཐལ།།


བརྒྱ་བརྩེགས་མཁར་གྱི་ནང་ན།།
གློག་ཞུའི་འོད་ཟེར་འཕྲོ་དུས།།
ཉམ་ཆུང་སྣུམ་སྒྲོན་ཞིག་ཀྱང་།།
འགྱོད་ནས་རང་སར་ཞི་ཐལ།།

བརྗིད་ཆགས་བཟོ་ཁང་ཆེན་མོར།།
ལྕགས་ཀྱི་མི་བུ་ལས་དུས།།
འབྱོར་མེད་བཟོ་པ་ཞིག་ཀྱང་།།
དབུལ་ནས་སྤྲང་པོར་གྱུར་ཐལ།།

མཛེས་པོའི་སྐྱེད་ཚལ་གསར་པར།།
གཡོ་མེད་མེ་ཏོག་བཞད་དུས།།
གཡུ་སྦྲང་རྒས་པོ་ཞིག་ཀྱང་།
སྐྱོ་ནས་མིག་ཆུ་ཤོར་ཐལ།།
༢༠༡༢།༠༨།༡༠ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།