བདེན་པ་འཚོལ་བ།


བྱམས་སྐྱོང་དྲོན་མོ་ཞིག་དང་། བརྩེ་བ་ཟབ་མོ་ཞིག་ང་ཚོའི་ལུས་ཐོག་ནས་བཤུས་རྐྱེན། གཅེར་བུར་ཐང་ལ་བུད་པ་ཇི་འདྲའི་སྐྱོ། བག་ཆགས་འདི་བྲུས་ནས་བཙལ་ཞིང་། བསྔོགས་ནས་བཏོན་ཡང་། ང་ཚོའི་ལུས་ཐོག་གི་རང་དབང་ལ་བདེན་ཁ་ཞིག་མེད་སོང་།             ཕམ་ཁ་ལྕི་མོ་ཞིག་གིས་གཡང་ལ་ལྷུང་ཞིང་། གྱོན་ཁ་ཆེན་མོ་ཞིག་གི་ས་ལ་བསྒྱེལ་ཡང་། ང་ཚོ་ད་དུང་བདེན་ཁ་གསོན་པོ་ཞིག་གི་ཚོད་དུ། ལྷུང་ས་ནས་འཛེག་ཞིང་། བསྒྱེལ་ས་ནས་ལང་གིན་པ་ཁྱོད་ཀྱིས་མ་མཐོང་ངམ། འཇིག་རྟེན་ཡ། འཇིག་རྟེན། ཁྱོད་ངོ་མ་དེ་ལྟར་གཉིད་སོང་བ་ཡིན་ནམ། ཡང་ན་ཁྱོད་ཀྱིས་ཀྱང་ང་ཚོའི་ལས་དབང་ལ་དེ་ལྟར་ཚད་བཏབ་པ་ཡིན།

            མིན། གཏན་ནས་མིན། དོན་པོར་ཁྱོད་ཀྱིས་ཀྱང་མི་བུའི་རང་དབང་ཟེར་བ་ངོས་ལེན་ཞིང་། དེ་ལ་བདེན་ཁ་ཞིག་ཡོད་པ་རིན་ཐང་ལ་འཇལ་གྱིན་ཡོད། འོན་ཀྱང་ལོ་ནག་འདི་དག་གི་རིང་ལ། བྱང་ཕྱོགས་ཁ་བ་ཅན་དུ་གྲགས་པའི་ངའི་མི་རིགས་འདི། མུན་ནག་གིས་ཐིབས་པའི་སྦུ་གུའི་ནང་ན་དངངས་སྐྲག་དང་། ན་ཟུག་གི་དབུས་ནས་སྡུག་གི་ཁུར་པོ་ལྗིད་ཀྱིས་འཁུར་བས། དབུགས་ཀྱི་རྒྱུ་བ་རེ་རེ་བཞིན་ཆད་ཀྱིན་ཁྱར་ཁྱོར་ངང་འཚོ་ཡང་། མི་བུའི་རིན་ཐང་ཟེར་བ་བརླགས་པ་བཞིན་དང་།  ཡལ་བ་ཇི་བཞིན།
            ན་ནིང་དང་། འདི་ལོར་ཡང་། ངའི་སྤུན་ཟླ་མང་པོ་འདྲེ་ནག་དེའི་མནར་གཅོད་ཀྱིས་མི་ཐེགས་པའི་མི་རིགས་འདིའི་བདེན་ཁ་དང་། མི་བུའི་རང་དབང་གི་ཆེད་དུ། རང་ཉིད་ལ་བདག་པའི་ལུས་ཟུངས་ཀྱང་ཞུགས་མེར་བསྒྲོན་ནས་འཇིག་རྟེན་འདིའི་མིག་རིས་ཡོད་ཚད་ལ་རེ་རེ་བཞིན་བསྟན་པ། ད་ལྟ་གྲངས་ཀྱིས་བརྩིས་ན་མང་པོ་ལས་ཉུང་ངོ་མིན་པར་གྱུར་སོང་ཡང་། འཇིག་རྟེན་མཐའ་དག་གང་ཡང་མ་བྱུང་དང་། ཅི་ཡང་མ་མཐོང་བ་བཞིན་ཁུ་སིམ་མེར།         
  ངོ་མ། རྒྱུ་འབྲས་བློ་མིག་གིས་དབུལ་བའི་འཇིག་རྟེན་འདི། རང་རྒྱལ་གཞན་ཕམ་ལ་དགའ་བའི་འཇིག་རྟེན་འདི། བདག་དང་། བདག་གི་བས་འཚོ་བའི་འཇིག་རྟེན་འདི། དོན་ངོ་མར་བདེན་ཁ་ཞིག་ལ་ཕྱོགས་པ་ནི། ཆེས་ཐོག་མར་བདག་དང་། བདག་གི་བདེན་ཁ་དང་། ཆེས་མཐའ་མར་ཡང་བདག་དང་། བདག་གི་བདེན་ཁ་ཁོ་ནར་རིན་ཐང་འཇལ་ངེས།།

༢༠༡༢།༠༨།༠༨ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།