དོན་དངོས་ལས་འདས་པའི་ཁྱོད།
ཁྱོད་རང་མེ་ཏོག་ཞིག་གི་ཚུལ་དུ་བཞད་ཚེ་
བདག་གི་མིག་ཟུང་གི་བུང་བ་མཁའ་ལ་འཕྱོ་
རྟོག་བ་ཞིག་གི་ཕང་པ་ནས་འཚོ་བའི་འགྱུ་བ་ཞིག་
དོན་དངོས་ཀྱི་བྱ་བར་སྡོམ་ཚིག་རེ་འགོད་ཀྱིན་བུད་དུས་
སྨྲ་བ་དང་བྲལ་བའི་ཚོར་བ་སྐྱེན་པོ་ཞིག་
བདག་གི་བྲང་ཁ་ན་འུར་གྱིས་འཚང་འོང་།
བསམ་གཞིག་གི་སྒྱུ་བ་གསོན་པོ་འདི་
དོན་དངོས་ཀྱི་བདེན་ཁ་ཞིག་ལ་གྱུར་སྲིད་ན་
བདག་གིས་ཀྱང་འཇིག་རྟེན་དེ་ནས་འཚོ་ཞིང་
བྱ་བ་གང་མང་ལ་ཚིག་གི་རྒྱུ་བ་བཀོད་ནས་
སྙན་ངག་གི་ཁྱིམ་གཞིས་གསོན་པོ་ཞིག་བཟོ་ན་འདོད།
བདག་གི་དོན་སྙིང་ཡོད་ཚད་ནས་བྲུས་ཞིང་
མྱ་ངམ་ཐང་ཞིག་ནས་དེ་ལྟར་འདྲུད་རྐྱེན་
བདག་གི་ཚོར་བ་ཡོད་ཚད་པོ་ཚིག་གི་རྟ་པོར་བསྐྱོན་ནས་
དངངས་སྐྲག་དང་། རེ་ཞགས་ཀྱི་ཀློང་ན་རྒྱུགས་གིན་ཡོད།
༢༠༡༢།༠༨།༠༢ ཉིན།
Comments