ཐོལ་བྱུང་སེམས་ཀྱི་རང་མདོག (དགེ་རྒན་ཞིག་གི་ཕྱིར་དྲན་དུ་བྲིས།)
རིགས་གྲོལ།
མི་རྐྱང་ཀླད་པའི་རྫ་རི་སྨུག་པོར།།
ལྗང་ལྗང་ཤེས་བྱའི་མགོ་བོ་འབུད་དུས།།
སིམ་སིམ་རིག་པའི་ཆར་རྒྱུན་མེད་ན།།
གཞུང་ལུགས་ནགས་ཀྱི་མུ་འབྲེལ་མི་ཐུབ།།
ན་གཞོན་རིག་པའི་སྤང་ཐང་འགྲིམས་དུས།།
འཚོ་བྱེད་རྫི་བོའི་གྲོགས་ཡ་མེད་ན།།
གཏི་མུག་སྤྱང་ཀིའི་མཆེ་སྡེར་བར་ནས།།
གཡང་དཀར་ལུག་ཆུང་ཐར་ཐབས་མི་འདུག།
འཚོ་བྱེད་རྫི་བོའི་གྲོགས་ཡ་མེད་ན།།
གཏི་མུག་སྤྱང་ཀིའི་མཆེ་སྡེར་བར་ནས།།
གཡང་དཀར་ལུག་ཆུང་ཐར་ཐབས་མི་འདུག།
གཞུང་ལུགས་སྒོ་མོའི་ཐེམ་སྐས་འཛེག་དུས།།
བཤེས་གཉེན་རྒས་པོའི་སྡེ་མིག་མེད་ན།།
རིལ་རིལ་ཚིག་གི་སྒོ་ལྕགས་འོག་ནས།།
བློ་ཆུང་བྱིས་པ་ལངས་ཐབས་མི་འདུག།
བཤེས་གཉེན་རྒས་པོའི་སྡེ་མིག་མེད་ན།།
རིལ་རིལ་ཚིག་གི་སྒོ་ལྕགས་འོག་ནས།།
བློ་ཆུང་བྱིས་པ་ལངས་ཐབས་མི་འདུག།
བློ་གྲོས་གནམ་གྱི་མཁའ་དབྱིངས་མཐོ་པོར།།
སྨུ་གུའི་བྱ་གཞོན་འཕུར་རྩལ་སྦྱོང་དུས།།
ལྷ་བྱ་རྒོད་པོའི་འཕུར་གྲོགས་མེད་ན།།
སྒྱུ་རྩལ་བྱ་ཡིས་ནམ་འཕངས་མི་ཆོད།།
བློ་ལྡན་ལེགས་བཤད་སྟོན་འབྲས་ལེན་དུས།།
གསར་བཤད་རིག་པའི་ཟོར་བ་མེད་ན།།
མཁྲེགས་མཁྲེགས་སྲོལ་རྒྱུན་སོག་མ་རྙིང་པ།།
དམར་ཆུང་མཛུབ་མོས་ཆོད་ས་མ་རེད།།
གསར་བཤད་རིག་པའི་ཟོར་བ་མེད་ན།།
མཁྲེགས་མཁྲེགས་སྲོལ་རྒྱུན་སོག་མ་རྙིང་པ།།
དམར་ཆུང་མཛུབ་མོས་ཆོད་ས་མ་རེད།།
བུ་ཆུང་བྱུང་བའི་བྱེ་ཐང་འགྲིམས་དུས།།
བློ་ལྡན་གླང་གི་ཐབས་འགྲོས་མེད་ན།།
ལྷ་ཡི་བཅོས་སྒྲུང་སྐྱ་མོ་ཐང་ནས།།
ཕྱིར་ལོག་བྱེད་པའི་གོ་སྐབས་མི་འདུག།
བློ་ལྡན་གླང་གི་ཐབས་འགྲོས་མེད་ན།།
ལྷ་ཡི་བཅོས་སྒྲུང་སྐྱ་མོ་ཐང་ནས།།
ཕྱིར་ལོག་བྱེད་པའི་གོ་སྐབས་མི་འདུག།
རིག་གནས་བཅུ་ཡི་མཚོ་མོའི་གླིང་དུ།།
ཤེས་དམན་བརྩོན་པའི་གྲུ་ཆུང་སྐོར་དུས།།
མཁས་མཁས་བཤེས་ཁྱོད་གྲུ་དཔོན་མེད་ན།།
པཎ་ཆེན་མཁས་པའི་ཕ་མཐར་མི་སྒྲོལ།།
ཤེས་དམན་བརྩོན་པའི་གྲུ་ཆུང་སྐོར་དུས།།
མཁས་མཁས་བཤེས་ཁྱོད་གྲུ་དཔོན་མེད་ན།།
པཎ་ཆེན་མཁས་པའི་ཕ་མཐར་མི་སྒྲོལ།།
༢༠༡༡།༠༨།༡༨ ཉིན་དགེ་སློབ་གླེང་སྟེགས་དྲ་བའི་སྟེང་འཁོད་པ་འདིར་དྲངས།
Comments