ནས་རྩམ་དཀར་པོ། (ལྷག་དཀར་གྱི་ཞོགས་ཟས།)
རྟེན་དང་མཛད་པ་དཀར་པོ་ལུས་ཟིན་པ།།
མགོན་གྱི་བླ་གཟའ་དཀར་པོའི་ཞོགས་པ་དེར།།
མཇལ་འཛོམས་ནས་རྩམ་དཀར་པོས་བསང་ཞིག་གསོལ།།
ཁ་བའི་འདབ་མ་དཀར་པོ་འབབ་ས་ན།།
ཡབ་ཡུམ་ཐུགས་སེམས་དཀར་པོ་ལུས་ཟིན་པ།།
རེས་གཟའ་ལྷག་པ་དཀར་པོའི་ཞོགས་པ་འདིར།།
དྲིན་ཅན་ནས་རྩམ་དཀར་པོས་སྨོན་ཞིག་འདེབས།།
གཞལ་ཡས་ཁང་བཟང་དཀར་པོའི་དྲོ་སྐྱིད་ནང་།།
སྤུན་ཉེའི་བྱམས་སྐྱོང་དཀར་པོ་ལུས་ཟིན་པ།།
རེ་བའི་ཞགས་ཐག་དཀར་པོའི་ཞོགས་པ་དེར།།
དྲན་གདུང་ནས་རྩམ་དཀར་པོས་སྐྱེས་ཤིག་འབུལ།།
སྙན་དབྱངས་གླུ་ཚིག་དཀར་པོ་ལུས་ཟིན་པ།།
ཉན་འདོད་ལྷག་བསམ་དཀར་པོའི་ཞོགས་པ་འདིར།།
མཛའ་བརྩེ་ནས་རྩམ་དཀར་པོས་ཕྱིར་དྲན་བྱེད།།
ན་ཆུང་སེམས་པ་དཀར་པོའི་རྩེད་ར་རུ།།
བརྩེ་གྲོགས་ལ་བ་དཀར་པོ་ལུས་ཟིན་པ།།
བོད་ཀྱི་ཉིན་མོ་དཀར་པོའི་ཞོགས་པ་འདིར།།
དུངས་སེམས་ནས་རྩམ་དཀར་པོས་དྲན་ཐོ་བཀོད།།
༢༠༡༢།༠༨།༢༩ ཉིན།
Comments