མེ་ལྕེ།
རེ་ཞགས་ཤིག་གི་སྣེ་མོ་ནས་འཇུས་ཏེ་
བདག་གི་མིག་མདུན་ནས་དམར་རྗེན་དུ་འབར་
བློ་མིག་ཡོད་ཚད་ལ་གསལ་ཐེབས་སུ་གྱུར་ཡང་
ཁྱོད་རང་ལྗོན་ཤིང་ཞིག་གི་ཚད་དུ་འགྲེང་རྐྱེན་
རྫུན་ཚིག་གི་འདབ་མ་སེར་པོ་དེ་ས་ལ་ལྷུང་རྗེས་
སླར་ཡང་ལྗང་ཁུ་ཞིག་གིས་བཏུམས་ནས་ཁུ་སིམ་མེར་ཉལ།
རང་དབང་གི་མེ་ལྕེ་་་་་
སྨྲ་ཤེས་དོན་གོ་བའི་མཚན་ཉིད་དི་འཚོལ་སླད་
བདག་གི་བྲང་ཁ་ནས་ལྷེམ་ལྷེམ་མེར་འབར་
ཡོད་ཚད་ནས་ཡོད་ཚད་སད་རན་ཡང་
ཁྱོད་རང་རྡོ་བ་ཞིག་གི་ཚུལ་དུ་འདུག་རྐྱེན་
དྲང་ཚིག་གི་གཡོ་བ་ཐེངས་ཤིག་ཀྱང་མེད་པར་
ས་གཞི་དྲོན་མོ་ལྗིད་ཀྱིས་ཁུར་ནས་ཉལ།
འཇིག་རྟེན་འདིའི་གསང་བ་རྟོགས་ཆེད་
བདག་གི་སྙིང་ཁ་ན་རྨ་ཁ་རེ་སྦྱིན་གྱིན་འབར་
ཐ་དག་གཅེར་པོར་གྱུར་ཡོད་ཀྱང་
ཁྱོད་རང་རླུང་བུའི་ངོ་བོར་རྫུས་པ་
རྫུན་གཏམ་ཞིག་འཁྱེར་ནས་མཐོ་ས་ནས་དམའ་སར་འཛུལ་ཞིང་
དམའ་ས་ནས་མཐོ་སར་མཆོངས་ཤིང་རྒྱུགས།
འདྲ་མཉམ་གྱི་མེ་ལྕེ་
ཤ་རུས་དང་ཟུངས་ཁྲག་དེའི་དྲིན་ལན་གསབ་སླད་
བདག་གི་ཚོར་བ་དང་འདྲེས་ནས་འབར་
ཀུན་གྱིས་མྱོང་བ་རེ་བྱས་ཡོད་ཚོད་ཀྱང་
ཁྱོད་རང་ངར་ལྕགས་ཤིག་གི་ཚད་དུ་གྱུར་བ་
རྫུན་གཏམ་དང་བརྗེས་པའི་དངུལ་དམར་གྱི་སྦྱར་རྫས་དེ་དག་
བྲང་ཁ་ན་སྦྱར་ནས་ཅི་ཡང་སྨྲ་བ་མེད་པར་དེ་ལྟར་གཟིམས་སོང་།
༢༠༡༢།༠༨།༡༧ ཉིན།
Comments