ང་རང་གི་ཁ་ཡི་ཉེས་པ།


ཁ་ཐུག་དྲང་གཏམ་གཞན་ལ་ཤོད་པའི་ང་།།
ཁ་ཞེ་གཉིས་ཀྱི་དགྲ་ཡི་དྭངས་མར་འགྱུར།།
ཁ་ཡི་རྒྱུ་བ་དམ་གྱིས་མི་སྲུང་བ།།
ཁ་ཐོར་ཡ་བོར་འགྲོ་བའི་རྒྱུ་རུ་མཐོང་།།

ཁ་དཀར་ཁོག་གནག་རྒྱུག་རྒྱུག་མང་པའི་ང་།།
ཁ་ཀྱོག་སྣ་ཀྱོག་གདུག་པའི་གཡང་ལ་ལྟུང་།།
ཁ་མདོག་དེ་ལ་དང་བ་ཞེན་ཆེས་པ།།
ཁ་ཁྲག་སྣ་ཁྲག་བཞུར་བའི་རྫས་སུ་མཐོང་།།

ཁ་བདེ་འཆལ་གཏམ་སྨྲ་བ་མང་བའི་ང་།།
ཁ་མཆུ་བཙན་པོ་མགོ་བོའི་ཐོག་ཏུ་ལེན།།
ཁ་ལྕེ་དེ་ལ་གཅེས་པའི་བདག་མེད་པ།།
ཁ་སོ་དེ་ཡང་ཤོར་བའི་བལྟས་སུ་མཐོང་།།


ཁ་ཤུགས་ཆེ་བས་འཇོན་འཇོན་གླེང་བའི་ང་།།
ཁ་བཤད་ཆུ་ཡི་ལྦུ་བ་རླུང་གིས་གཡོ།།
ཁ་ལག་གཉིས་པོ་འགུལ་བ་མི་གཅིག་ན།།
ཁ་བདེ་ལག་པ་རྡུམ་པའི་རིགས་སུ་མཐོང་།།

ཁ་ནས་ཐོན་ཚད་གཞན་ལ་སྡིགས་པའི་ང་།།
ཁ་ཁོར་ཀུན་དུ་དུག་གི་མེ་ལྕེར་འགྱུར།།
ཁ་ཁྲིམས་བརྟན་གྱིས་སྲུང་བ་མི་ཐུབ་པ།།
ཁ་རོག་བདེ་ལ་རོལ་བའི་གེགས་སུ་མཐོང་།།

ཁ་ལ་ལྷུང་ཚད་ལྟོ་བར་གཏོང་བའི་ང་།།
ཁ་ཁོག་མགྲིན་པ་མན་ཆད་ནད་ཀྱིས་འཁྲུགས།།
ཁ་ཆེན་ཁོ་ལ་རན་པའི་ཚོད་མེད་པ།།
ཁ་ཐུག་ཕྱི་མར་འགྲོ་བའི་གྲབས་སུ་མཐོང་།།

༢༠༡༢།༠༨།༠༤  ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།