སྒྲུང་ཐུང་བོད་སྒྱུར་མ། (༥༦ - ༦༠)

 ༥༦) སྐུད་མེད་ཤོག་བྱ།


     ཐེངས་ཤིག་ཕ་དང་བུ་གཉིས་ཤོག་བྱའི་དུས་སྟོན་ལ་ཞུགས། བུ་དེས་མཚོན་མདངས་རྣམ་པར་བཀྲ་བའི་ཤོག་བྱ་སྣ་ཚོགས་ཀྱིས་ཁེངས་པའི་ནམ་མཁའ་མཐོང་རྗེས་དགའ་ཚོར་ཆེན་པོ་སྐྱེས་ཏེ། ཁོ་པས་ཀྱང་ཤོག་བྱ་ཞིག་གཏོང་དགོས་སྙམ།  ཁོས་ཕ་ལ་བལྟས་ནས་“ཨ་ཕ་་་་། ངས་ཀྱང་ཤོག་བྱ་གཏོང་རྒྱུ་ཡིན། ང་ལ་ཤོག་བྱ་དང་། སྐུད་པ། སྒྲིལ་བྱེད་གསུམ་ཀ་དགོས།” ཞེས་བཤད། ཨ་ཕ་དེས་དུས་ཆེན་སྲུང་རྩི་བྱ་སའི་སྤྱི་གླིང་ནང་ཡོད་པའི་ཚོང་ཁང་ཞིག་ཏུ་སོང་ནས་བུ་ལ་ཤོག་བྱ་དང་། སྐུད་པ། སྒྲིལ་བྱེད་བཅས་ཉོས།


      བུ་དེས་ཤོག་བྱ་གཏོང་འགོ་བརྩམས། ཡུན་རིང་མ་འགོར་བར་ཁོ་པའི་ཤོག་བྱ་མཁའ་དབྱིངས་མཐོ་པོར་འཕུར་བས་ཕ་བུ་གཉིས་ཀ་ཤིན་ཏུ་དགའ་པོ་བྱུང་། དུས་ཡུན་ཅུང་ཙམ་འགོར་རྗེས་བུ་དེས། “ཨ་ཕ་་་་་་། བལྟས་ཡོང་ན་སྐུད་པས་ཤོག་བྱ་མཐོ་སར་འཕུར་རྒྱུར་འགོག་རྐྱེན་བྱེད་ཀྱི་ཡོད་ས་རེད། གལ་ཏེ་སྐུད་པ་དེ་བཅད་ན་ཤོག་བྱ་དེ་བས་མཐོ་བར་འཕུར་ཐུབ་ངེས་རེད། ཁྱེད་ཀྱིས་སྐུད་པ་དེ་གཅོད་ཐུབ་བམ།” ཞེས་དྲིས་པ་ན། ཕ་དེས་སྒྲིལ་བྱེད་ལས་སྐུད་པ་བཅད།  དེ་མ་ཐག་ཤོག་བྱ་དེ་ཅུང་མཐོ་སར་འཕུར་བས་བུ་དེ་སེམས་པ་ཧ་ཅང་དགའ།


    འོན་ཀྱང་ཅུང་ཙམ་རྗེས་ཤོག་བྱ་དལ་མོར་མར་འབབ་འགོ་ཚུགས་ཤིང་། ཡུན་རིང་མ་འགོར་ཁང་པ་ཞིག་གི་ཐོག་ཏུ་ལྷུང་། བུའི་སེམས་སུ་ཤོག་བྱ་དེ་སྐུད་པ་ལས་གློད་ན་སྔར་བས་མཐོ་བར་འཕུར་རྒྱུ་རེད་སྙམ་མོད། འོན་ཀྱང་དེ་ལས་ལྡོག་སྟེ་མར་ལྷུང་སོང་བ་མཐོང་བ་ན། ཁོ་པ་ཧང་སང་སྟེ། “ཨ་ཕ་་་་། ངས་སྐུད་པ་བཅད་རྗེས་ཤོག་བྱ་སྔར་ལས་མཐོ་བར་འཕུར་གྱི་རེད་སྙམ་བྱུང་། འོན་ཀྱང་དེ་མར་ལྷུང་དོན་ཅི་ཡིན་ནམ།” ཞེས་དྲིས།


     ཕ་ཡིས་ “བུ་་་་་་། ང་ཚོས་རྒྱུན་དུ་རང་ཉིད་དང་འབྲེལ་བ་ཟབ་པའི་དངོས་པོ་དེ་དག་གིས་རང་ཉིད་མཐོ་སར་འགྲོ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་སྙམ་གྱི་ཡོད། དོན་དངོས་ཐོག་སྐུད་པས་ཤོག་བྱ་མཐོ་སར་འཕུར་བར་འགོག་རྐྱེན་བྱེད་ཀྱི་མེད། སྐུད་པས་རླུང་ཇེ་དལ་དུ་འགྲོ་དུས་ཤོག་བྱ་མཁའ་དབྱིངས་སུ་འཛིན་ནས་སྡོད་ཅིང་། རླུང་བུ་ཇེ་ཆེར་འགྲོ་དུས་རླུང་པོའི་འགྲོས་དང་བསྟུན་ནས་འཕུར་སྐྱོད་བྱ་རྒྱུར་རོགས་རམ་བྱེད་ཀྱི་ཡོད། ང་ཚོས་སྐུད་པ་བཅད་རྗེས་ཤོག་བྱ་ལ་རོགས་སྐྱོར་བྱེད་མཁན་མེད་པས་སར་ལྷུང་པ་རེད།” ཅེས་སྨྲས་པ་ན།  བུས་ད་གཟོད་རང་ཉིད་ཀྱི་ནོར་འཁྲུལ་ངོས་ཟིན་ནོ།།


   

༥༧) མཇུག་མཐའི་སྐྱེལ་འདྲེན།


      ཕྱུག་པོ་ཁྱོ་ཤུག་གཉིས་ཀྱིས་ལོ་གསར་སྤྲོ་ཚོགས་གཉེར་བཞིན་ཡོད་པ་ལྟར། མ་གནས་མཐོ་ལ་གཏན་འཇགས་རིན་གོང་ཅན་གྱི་ཁྲོམ་རར་ཉོ་ཆ་བརྒྱག་ཏུ་ཕྱིན། ཁོ་གཉིས་ཀྱིས་སོ་སོའི་འཚོ་བའི་ཆུ་ཚད་གཞན་གྱིས་མཐོང་ན་འདོད་པས་རིན་གོང་མཐོ་པོ་སྤྲད་རྒྱུར་སེམས་འཛིན་མ་བྱས། དགོས་མཁོ་ཡོད་ཚད་ཉོས་གྲུབ་རྗེས་དོལ་སྐྱེལ་བ་ཞིག་ལ་ཁ་པར་བརྒྱབས་ནས་ཅ་དངོས་ཚང་མ་ཁོ་ཚོའི་ཁྱིམ་དུ་བསྐྱེལ་རྒྱུར་མངགས། དོལ་སྐྱེལ་བ་དེ་ནི་གཟུགས་གཞི་མི་བདེ་བའི་རྒན་པོ་ཞིག་ཡིན་ཞིང་། ཁོ་པའི་ཧྲལ་ཧྲུལ་དུ་གྱུར་བའི་གྱོན་པ་ལ་བལྟས་ན། ཉིན་རེའི་དགོས་མཁོ་ཙམ་ཡང་ཏག་ཏག་འཚོལ་སྒྲུབ་མི་མཁན་ཞིག་ཡིན་པ་འདྲ།


   ཁོ་གཉིས་ཀྱིས་དོལ་སྐྱེལ་བར་དངོས་ཟོག་སྐྱེལ་གླ་ག་ཚོད་ཡིན་མིན་དྲིས་པ་ན། རྒན་པོས་ཨ་སྒོར་ ༢༠ ཡིན་ཚུལ་བརྗོད་པ་རེད། དེ་ནི་སྤྱིར་ཐེར་གེ་དྲུད་དེ་ཁྱོ་ཤུག་གཉིས་ཀྱི་ཁྱིམ་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ལམ་ཐག་གི་རྒྱུན་ལྡན་གྱི་ཚོང་རའི་རིན་གོང་ལས་ཧ་ཅང་གིས་དམའ་བ་ཡིན་མོད། ཁྱོ་ཤུག་གཉིས་ཀྱིས་དོལ་སྐྱེལ་བར་རྩོད་པ་བྱས་མཐར་ཨ་སྒོར་ ༡༥ ལ་ཐག་ཆོད་བྱུང་། རྒྱུ་མཚན་ནི་དོལ་སྐྱེལ་བ་དེར་ལྟོ་དུས་གཅིག་གི་ཟ་མ་རག་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པས། ཁོ་པས་སྒོར་མོ་ཇི་ཙམ་སྤྲད་ཀྱང་ཁས་ལེན་ངེས་ཡིན།


    ཁྱོ་ཤུག་གཉིས་ཀྱིས་དོལ་སྐྱེལ་བ་དབུལ་ཕོངས་ཅན་དེར་རྩོད་པ་བྱས་མཐར་དངོས་ཟོག་དབོར་གླ་ཉུང་ངུ་ལས་མ་ཤོར་བར་དགའ་ཚོར་ཆེན་པོ་བྱུང་སྟེ། ཨ་སྒོར་ ༡༥ སྔོན་ཚུད་ནས་སྤྲད། དངོས་ཟོག་སྐྱེལ་འདྲེན་བྱ་ཡུལ་གྱི་ཁ་བྱང་ཡང་ཁོ་པར་སྤྲད་དེ་ཁོ་གཉིས་སྔོན་ལ་བུད་སོང་། ཁོ་གཉིས་ཁྱིམ་དུ་སླེབས་ནས་དུས་ཚོད་ཆུ་ཚོད་གཉིས་ཙམ་འགོར་ན་ཡང་དོལ་སྐྱེལ་བ་དངོས་ཟོག་བསྐྱེལ་དུ་མ་ཡོང་། 


    ཆུང་མ་དེ་ཁྱོ་གར་ཁོང་ཁྲོ་ཆེན་པོ་ལངས་ཏེ། “ངས་རྒྱུན་དུ་ཁྱོད་ལ་མི་དེ་འདྲའི་རིགས་ལ་ཡིད་ཆེས་མ་བྱེད་ཅེས་བཤད་ཀྱི་ཡོད། འོན་ཀྱང་ཁྱོད་ཀྱིས་ཉན་གྱི་མི་འདུག །ཁྱོད་ཀྱིས་ང་ཚོའི་དངོས་ཟོག་ཚང་མ་ཐ་ན་ཉིན་གཅིག་གི་ཟ་མ་ཐེངས་གཅིག་གི་དོད་ཀྱང་གསོག་སྒྲུབ་མ་ཐུབ་མཁན་མི་ཞིག་གི་ལག་ཏུ་བཞག་སོང་། ཁོས་དངོས་ཟོག་དེ་དག་འདིར་བསྐྱེལ་རྒྱུ་མ་རེད། ཁོས་དངོས་ཟོག་དེ་དག་འཁྱེར་ནས་བྲོས་སོང་བ་ཐག་བཅད་ནས་བཤད་ཐུབ། ང་ཚོ་ཁྲོམ་རར་ཕྱིན་ནས་རྩད་གཅོད་བྱས་རྗེས་ཉེན་རྟོག་ཁང་ཁོ་ལ་ཞུ་གཏུག་བྱ་དགོས།” ཞེས་བཤད། 


     ཁོ་གཉིས་ཁྲོམ་རའི་ཕྱོགས་སུ་འགྲོ་བཞིན་པའི་སྐབས། ཁྲོམ་རའི་ཉེ་འགྲམ་གྱི་ལམ་བར་ནས་དོལ་སྐྱེལ་བ་གཞན་ཞིག་ཐེར་གེ་དྲུད་དེ་ཡོང་བཞིན་པ་མཐོང་། ཁོ་གཉིས་ཀྱིས་མི་དེ་བཀག་ནས་དོལ་སྐྱེལ་བ་རྒན་པོའི་སྐོར་སྐད་ཆ་འདྲི་སྐབས། ཁོ་གཉིས་ཀྱི་དངོས་ཟོག་ཁོའི་ཐེར་གེའི་ནང་ཡོད་པ་མཐོང་བ་ན། ཆུང་མ་དེ་ཁོང་ཁྲོ་ཆེན་པོ་ལངས་ནས། “འདི་དག་ང་ཚོའི་དངོས་ཟོག་རེད། རྐུན་མ་རྒན་པོ་དེ་གང་དུ་ཕྱིན་སོང་། སྤྲང་པོ་དེས་ང་ཚོའི་དངོས་ཟོག་རྐུ་འཁྱེར་བྱས་ནས་བཙོང་ཟིན་འདུག” ཅེས་བཤད། 


    དོལ་སྐྱེལ་བ་དེས། “ལྕམ་ལགས། ཐུགས་ལྷོད་ལ་ཕོབས་གནང་དང་། ཡ་ང་བའི་རྒན་པོ་དེ་ཟླ་བ་གཅིག་གོང་ནས་ནད་པ་རེད། ཁོ་པས་ཐ་ན་ཉིན་གཅིག་ལ་ལྟོ་དུས་གཅིག་གི་དོད་ཀྱང་གསོག་སྒྲུབ་ཐུབ་ཀྱི་མེད། ཁོ་པས་ཁྱེད་རྣམ་གྱི་དངོས་ཟོག་སྐྱེལ་འདྲེན་ཆེད་ལམ་ལ་བུད་མོད། ལྟོགས་ཤིང་ནད་ཀྱིས་མནར་བས་ཚ་གདུག་འདིའི་ཁྲོད་མདུན་སྐྱོད་མ་ཐུབ་པར་ས་ལ་འགྱེལ་སོང་།  ཁོང་པས་ཨ་སྒོར་ ༡༥ ང་ལ་སྤྲད་ནས་ཆེད་མཐའ་མཇུག་གི་སྐད་ཆར་“ངས་དངོས་ཟོག་སྐྱེལ་འདྲེན་ཆེད་སྔ་འདོན་བླངས་པ་ཡིན། ཁྱེད་ཀྱིས་སྒོར་མོ་འདི་དག་འཁྱེར་ནས་དངོས་ཟོག་འདི་དག་ཁ་བྱང་འདིའི་ཐོག་སྐྱེལ་རོགས།  སྐུ་མཁྱེན་” ཟེར།”


    “ལྕམ་ལགས། ཁོ་པ་ལྟོགས་པ་རེད་ལ། དབུལ་པོ་ཡང་རེད། འོན་ཀྱང་ཁོང་མི་གཤིས་དྲང་པོ་ཞིག་རེད། ང་དོལ་སྐྱེལ་རྒན་པོ་ཁོང་གི་ཆེས་མཐའ་མཇུག་གི་སྐྱེལ་འདྲེན་འདི་ལེགས་འགྲུབ་ཡོང་ཆེད་ཁྱེད་གཉིས་ཀྱི་ཁྱིམ་དུ་ཡོང་བཞིན་པ་ཡིན་” ཅེས་སྨྲས། སྐད་ཆ་དེ་གོ་བ་དང་ཁྱོ་བོ་དེའི་མིག་ནས་མཆི་མ་བཞུར་བ་ན།  ཆུང་མ་དེ་ངོ་ཚ་བའི་ཚོར་བ་ཞིག་སྐྱེས་ནས་ཁྱོ་གའི་གདོང་ལ་བལྟ་བའི་སྤོབས་པ་ཡང་མེད་པར་ལུས་སོ།།



༥༨) དགེ་སློབ་གླེང་མོལ།


      སློབ་མ་ཞིག་གིས་དགེ་རྒན་ལ། “མི་རྣམས་ཀྱིས་རྒྱུན་དུ་རང་ཉིད་ཀྱིས་དགའ་སའི་མི་དེ་ལས་གཞན་པའི་མི་ཞིག་དང་གཉེན་སྒྲིན་བྱེད་དོན་ཅི་ཡིན་ནམ།” ཞེས་དྲིས་པར། དགེ་རྒན་དེས། “ཁྱེད་ཀྱི་དྲི་བར་ལན་མ་བཏབ་གོང་ཁྱེད་རང་གྲོ་ཞིང་ནང་དུ་སོང་ནས་སྙེ་མ་བཟང་ཤོས་དེ་འཁྱེར་ནས་ལོག་ཤོག །འོན་ཀྱང་སྒྲིག་གཞི་ཞིག་ཡོད་པ་ནི། ཁྱེད་ཀྱིས་གྲོ་ཞིང་བརྒྱུད་ནས་ཕྱིན་ཟིན་རྗེས་མདུན་དུ་ཤར་སྐྱོད་བྱེད་པ་ལས་ཕྱིར་ལོག་གིས་སྙེ་མ་བཏོག་མི་ཆོག” ཅེས་སྨྲས། སློབ་མ་དེ་གྲོ་ཞིང་ནང་སོང་ཞིང་། བསྟར་པ་དང་པོ་བརྒྱུད་ནས་འགྲོ་སྐབས་མཐོང་མ་ཐག་ནས་སྣང་བར་འགྲོ་བའི་སྙེ་མ་ཆེན་པོ་ཞིག་རྙེད་མོད། ཁོ་པས་དེ་བས་ཀྱང་ཆེ་བ་ཞིག་ཡོད་ངེས་སྙམ་ནས་མདུན་དུ་བསྐྱོད། དེ་ནས་ཁོས་སྔར་ལས་ཆེ་བའི་སྙེ་མ་ཞིག་མཐོང་། འོན་ཀྱང་ཡང་བསྐྱར་དེ་བས་ཆེ་བ་ཞིག་གིས་ཁོ་པ་སྒུག་ཡོད་ངེས་ཨང་སྙམ་ནས་མུ་མཐུད་མདུན་དུ་བསྐྱོད་པ་རེད།


   ཁོ་པ་གྲོ་ཞིང་གི་ཕྱེད་ཀ་ལྷག་ཙམ་སོང་ཟིན་རྗེས་ད་གཟོད་སྙེ་མ་སྔོན་མ་དག་ལས་ཆེ་བ་ཞིག་མེད་པ་གསལ་རྟོགས་བྱུང་བ་དང་ལྷན། སྙེ་མ་ཆེན་པོ་ཞིག་འཐོབ་རྒྱུའི་ཆེད་རྒྱུག་རྒྱུག་པས་སྙེ་མ་བཟང་ཤོས་དག་ཤོར་ཟིན་པ་ངེས་ཤེས་སྐྱེས་པ་རེད། དེར་བརྟེན་ཁོ་པས་རང་ཉིད་ཀྱི་ནོར་འཁྲུལ་ལ་བཟོད་སྒོམ་མ་ཐུབ་པར་གྱུར་རྐྱེན་ལག་པ་སྟོང་པར་དགེ་རྒན་སར་ལོག་སྟེ་གནས་ཚུལ་རྣམས་ཞུས། དགེ་རྒན་གྱིས་སློབ་མར་“ང་ཚོས་རྒྱུན་དུ་རང་ཉིད་ལ་ཡོད་པའི་དངོས་པོ་བཟང་ཤོས་དེ་བློས་བཏང་ནས་དེ་བས་ལེགས་པ་ཞིག་འཚོལ་རྒྱུའི་ཆེད་རྒྱུག་བཞིན་ཡོད། ཕྱིས་སུ་ནོར་འཁྲུལ་ཤོར་བ་ཤེས་ན་ཡང་གོ་སྐབས་དེ་ཤོར་ཟིན་པས་ཕྱིར་ལོག་བྱ་ཐབས་མེད། གནད་དོན་འདི་ཡང་དེ་བཞིན་མི་ཚོས་རྒྱུན་དུ་བཟོ་བའི་ནོར་འཁྲུལ་ཞིག་རེད།” ཅེས་སྨྲས།


   སློབ་མ་དེས་“དེའི་དོན་ནི་མི་ཚོས་ནམ་ཡང་དགའ་རོགས་སྒྲིག་མི་འོས་ཟེར་བ་རེད་དམ།” ཞེས་དྲིས་པར། དགེ་རྒན་གྱིས་“སྙིང་ཉེ་་་་། དེ་འདྲ་མ་རེད། མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་ལ་འོས་ཤིང་འཚམ་པའི་མི་ཞིག་བཙལ་ནས་དགའ་རོགས་སྒྲིག་ཆོག །འོན་ཀྱང་གལ་ཏེ་ཁྱོད་ཀྱིས་དངོས་གནས་དགའ་རོགས་བསྒྲིགས་ཚེ་རང་ཉིད་ཀྱི་ཁོང་ཁྲོ་དང་། ང་རྒྱལ་གྱི་དབང་དུ་སོང་བའམ། རོགས་ཟླའི་རྣམ་པ་མི་གཞན་དང་བསྡུར་བ་བཅས་ཀྱི་སྒོ་ནས་མི་དེ་གཏན་ནས་བློས་གཏོང་མི་རུང་།” ཅེས་སྨྲས།


   “འོན་ཀྱང་མཇུག་མཐར་ཁོ་ཚོས་རང་ཉིད་ཀྱིས་དགའ་ས་ལས་གཞན་པའི་མི་དག་དང་གཉེན་སྒྲིག་ཇི་ལྟར་བྱེད་ཐུབ་ཀྱི་ཡོད།” སློབ་མས་དྲིས། དགེ་རྒན་གྱིས་“ཁྱེད་ཀྱི་དྲི་བར་ལན་མ་བཏབ་གོང་ཁྱེད་རང་མ་རྨོས་ལོ་ཏོག་གི་ཞིང་ཁའི་ནང་དུ་སོང་ནས་མ་རྨོས་ལོ་ཏོག་ཆེ་ཤོས་དེ་འཁྱེར་ནས་ཤོག །འོན་ཀྱང་སྒྲིག་སྲོལ་སྔོན་དང་འདྲ་བར་ཁྱེད་ཀྱིས་མ་རྨོས་ལོ་ཏོག་གི་ཞིང་ཁ་བརྒྱུད་ནས་ཕྱིན་ཟིན་རྗེས་མདུན་དུ་ཤར་སྐྱོད་བྱེད་པ་ལས་རྒྱབ་ཏུ་ཕྱིར་ལོག་བྱས་ནས་བཀོག་མི་ཆོག །ཅེས་སྨྲས། སློབ་མ་དེ་མ་རྨོས་ལོ་ཏོག་གི་ཞིང་ནང་སོང་། ཐེངས་འདིར་ཁོ་པས་སྔོན་གྱི་ནོར་འཁྲུལ་དེ་མི་ཡོང་བའི་ཆེད་ཟབ་ཟབ་བྱས་ཏེ། རང་ཉིད་ཀྱིས་ཆེ་ཤོས་རེད་སྙམ་པའི་མ་རྨོས་ལོ་ཏོག་འབྲིང་ཙམ་ཞིག་བདམས་ནས་བཏོགས། དགེ་རྒན་གྱི་སར་ལོག་ནས་གནད་དོན་རྣམས་ཞུས་པ་ན། དགེ་རྒན་གྱིས་“ད་ལན་ཁྱོད་ལག་པ་སྟོང་པར་ཡོང་མི་འདུག །ཁྱོད་ཀྱིས་མ་རྨོས་ལོ་ཏོག་དེ་ཡག་པོ་ཡོད་པ་ཙམ་ལ་བལྟས་པ་རེད། ད་དུང་ཁྱོད་ཀྱིས་རང་ཉིད་ལ་ཐོབ་པ་འདི་ནི་བཟང་ཤོས་དེ་ཡིན་པར་ཡིད་ཆེས་བྱས་པ་རེད། དེ་དང་འདྲ་བར་མི་རྣམས་ཀྱིས་གཉེན་སྒྲིག་བྱེད་སྐབས་ཀྱང་གདམ་ག་འདི་ལྟར་བྱེད་ཀྱི་ཡོད།” ཅེས་སྨྲས།


     སློབ་མ་དེ་འཐོམ་པ་ལྟ་བུས་ལངས་ནས་སྡོད་སྐབས། དགེ་རྒན་དེས་“ཁྱོད་ལ་ད་དུང་ཅི་ཞིག་གིས་བློ་མ་བདེ་བཟོ་བཞིན་འདུག་གམ།” ཞེས་དྲིས། སློབ་མ་དེས་“ངས་ད་ལྟ་ངས་ཉིད་རང་ཀྱིས་དགའ་བའི་མི་དེ་དང་གཉེན་སྒྲིག་བྱེད་པ་དང་། གཉེན་སྒྲིན་བྱས་པའི་མི་དེ་ལ་དགའ་ཞེན་བྱེད་པ་གཉིས་ལས་གང་ཞིག་བཟང་བ་ཡོད་པའི་ཐོག་བསམ་བློ་གཏོང་བཞིན་ཡོད།” ཅེས་ཞུས། དགེ་རྒན་གྱིས་“དེ་ནི་ཧ་ཅང་སླ་བའི་གནད་དོན་ཞིག་རེད། མི་སུ་ཡིན་ཡང་དོན་དངོས་ཁས་ལེན་བྱ་དགོས།” ཞེས་སྨྲས་སོ།།


    

   ༥༩) རྩ་བ་སྲ་བརྟན།


   སྔོན་མ་ས་ཆ་ཞིག་ལ་ཁྱིམ་མཚེས་གཉིས་ཡོད། ཁོ་གཉིས་ལས་གཅིག་ནི་དགེ་རྒན་བགྲེས་ཡོལ་ཕེབས་པ་ཞིག་ཡིན་ཞིང་། གཞན་དེ་འཕྲུལ་ཆས་ལ་དོ་དབྱིངས་ཆེན་པོ་ཡོད་པའི་འགན་བཅོལ་མ་འཇོག་ལས་བྱེད་ཅིག་རེད། ཁོ་གཉིས་ཀྱིས་རང་རང་གི་ལྡུམ་རའི་ནང་རྩི་ཤིང་རེ་བཏབ། དགེ་རྒན་གྱི་ལས་ཀ་འཁྱུར་ནས་ངལ་གསོ་བྱས་པའི་སྐྱེ་བོ་དེས་རྩི་ཤིང་ལ་ཆུ་ཏོག་ཙམ་རེ་སྟེར་བ་ལས་དེ་ཙམ་གྱི་དོ་སྣང་མ་བྱས། ཁྱིམ་མཚེས་དེས་རྒྱུན་དུ་རྩི་ཤིང་ལ་ཆུ་མང་པོ་རྒྱག་ཅིང་བདག་གཅེས་ཧ་ཅང་ལེགས་པོ་བྱས།


    ཡུན་རིང་སོང་རྗེས་དགེ་རྒན་ཟུར་པ་དེའི་ཤིང་སྡོང་ནི་ལོ་མ་དེ་ཙམ་མེད་པའི་ཁམས་གཙང་ཞིག་ཏུ་སྐྱེས་པ་དང་། འགན་བཅོལ་མ་འཇོག་ལས་བྱེད་དེའི་ཤིང་སྡོང་ལོ་མ་ཕུན་སུམ་ཚོགས་ཤིང་སྔོ་ལྗང་ཅན་ཞིག་ཏུ་གྱུར། ཉིན་ཞིག་གི་མཚན་མོར། ཡུལ་དེར་དྲག་ཆར་ཆེན་པོ་བབས་ཤིང་། རླུང་འཚུབ་དྲག་པོ་ལྡང་། ཕྱི་ཉིན་ཁྱིམ་མཚེས་གཉིས་ཕྱིར་ཐོན་ཏེ་རང་རང་གི་ལྡུམ་རར་གཏོར་བརླག་ཇི་འདྲ་བཏང་ཡོད་མེད་བལྟ་རུ་བསྐྱོད་པ་ན། འཕྲུལ་ཆས་ལ་དོ་དབྱིངས་ཡོད་པའི་མི་དེས་རང་ཉིད་ཀྱི་ཤིང་སྡོང་རྩ་བ་ནས་འགྱེལ་ཏེ་རྩ་མེད་སོང་ཡོད་པ་མཐོང་། འོན་ཀྱང་། དགེ་རྒན་ཟུར་པ་དེའི་ཤིང་སྡོང་ལ་གནོད་སྐྱོན་རྩ་བ་ནས་མ་ཕོག་པར་རང་འཇགས་འགྲེང་སྟེ་བསྡད་ཡོད།


   འགན་བཅོལ་མ་འཇོག་ལས་བྱེད་དེ་ཁྱིམ་མཚེས་ཀྱི་ཤིང་སྡོང་མཐོང་བས་ཧང་སང་དེ་དགེ་རྒན་ཟུར་པ་དེའི་འགྲམ་དུ་ཕྱིན་ཏེ། “ ངེད་གཉིས་ཀྱིས་རྩི་ཤིང་གཅིག་འདྲ་འདེབས་འཛུགས་བྱས། ད་དུང་ངས་ཁྱོད་ལས་ལྷག་པ་བདག་སྐྱོང་བྱས་པ་ཡིན། འོན་ཀྱང་ད་ཆ་ངའི་ཤིང་སྡོང་རྩ་བ་ནས་འགྱལ་ཞིང་། ཁྱོད་ཀྱི་དེ་རང་འཇགས་གནས་འདུག །དེ་འདྲ་ཇི་ལྟར་བྱུང་བ་ཡིན་ནམ།” ཞེས་དྲིས་པར།


     དགེ་རྒན་བགྲེས་ཡོལ་བ་དེས་འཛུམ་ཙམ་བྱས་ཏེ། “ཁྱོད་ཀྱིས་རྩི་ཤིང་ལ་བདག་སྤྲོད་ཆེན་པོ་བྱས་པ་དང་། ཆུ་ཡང་མང་པོ་བརྒྱབ་ཡོད་མོད། དེའི་རྐྱེན་གྱིས་རྩི་ཤིང་རང་ཉིད་ཀྱིས་ལས་ཀ་བྱ་མི་དགོས་པར་གྱུར་ཡོད། ཁྱོད་ཀྱིས་རྩི་ཤིང་ལ་དཀའ་ལས་ཅི་ཡང་རྒྱག་མི་དགོས་པ་བཟོས་པ་རེད། ངས་རྩི་ཤིང་ལ་ཆུ་ལྡང་ངེས་ཙམ་རེ་རྒྱག་བཞིན་རྩ་བ་རྒྱས་སུ་བཅུག་པ་ཡིན། དེར་བརྟེན་རྩི་ཤིང་རང་ངོས་ནས་རྩ་བ་བརྟན་པོ་ཚུགས་ཐུབ་ཡོད། དེ་ནི་ངའི་ཤིང་སྡོང་མ་འགྱེལ་བའི་རྒྱུ་མཚན་ངོ་མ་དེ་རེད།” ཅེས་ལན་བཏབ་བོ།།

     

      

   ༦༠) དྲི་ཤོག་སྟོང་པ།


      ཉིག་ཞིག  །དགེ་རྒན་ཆེན་མོ་བ་ཞིག་སློབ་ཁང་དུ་འཛུལ་ནས་སློབ་མ་ཚོར་གློ་བུར་གྱི་ཡིག་རྒྱུགས་ཤིག་ལེན་རྒྱུ་ཡིན་ཚུལ་གྱིས་གྲ་སྒྲིག་བྱེད་དུ་བཅུག །སློབ་མ་ཚོས་དངངས་སྐྲག་དང་བཅས་ཡིག་རྒྱུགས་འགོ་འཛུགས་རྒྱུར་སྒུག་ནས་བསྡད། དགེ་རྒན་ཆེ་མོ་བ་དེས་སྔར་རྒྱུན་བཞིན་དྲི་ཤོག་རེ་རེ་བཞིན་སློབ་མའི་སྒྲོག་ཙེའི་ཐོག་ཏུ་ཁ་སྦུབ་ནས་བཞག །དྲི་ཤོག་ཡོངས་རྫོགས་བཀྲམ་ཟིན་རྗེས་ཁོང་གིས་སློབ་མ་ཚོར་དྲི་ཤོག་ཁ་བསླང་ནས་ལན་འདེབས་བྱ་རྒྱུར་བསྐུལ། སློབ་མ་ཚོས་དྲི་ཤོག་ཡར་བླངས་ནས་བལྟས་རྗེས་ཚང་མ་ཧང་སང་པར་གྱུར། རྒྱུ་མཚན་ནི་ཤོག་བུ་དེའི་དཀྱིལ་དུ་ནག་ཐིག་ཅིག་མ་གཏོགས་དྲི་བ་གཅིག་ཀྱང་མེད་པ་རེད།


   དགེ་རྒན་ཆེན་མོ་བ་དེས་སློབ་མ་ཚང་མའི་རྣམ་འགྱུར་མཐོང་རྗེས་སྨྲས་པ། “ཁྱེད་ཚོས་ཤོག་བུའི་ཐོག་ཏུ་གང་མཐོང་བ་དེ་བྲིས་ཤིག” །སློབ་མ་ཚོས་མགོ་རྨོངས་བཞིན་ཅི་ཡིན་འདི་ཡིན་མེད་པར་བྱེད་སྒོ་དེ་འགོ་བརྩམས། ཚོགས་ཐུན་གྲོལ་རྗེས་དགེ་རྒན་ཆེན་མོ་བ་དེས་སློབ་མའི་ལན་ཤོག་ཚང་མ་བླངས་ནས་རེ་རེ་བཞིན་སྐད་གསེང་མཐོ་པོས་སློབ་མ་ཡོངས་ཀྱི་མདུན་དུ་བཀླགས། དེ་དག་གི་ནང་དམིགས་བསལ་ཅན་གང་ཡང་མེད་པར་སློབ་མ་ཚང་མས་ནག་ཐིག་དེའི་ཆེ་ཆུང་དང་། ཚད་གང་དུ་ཡོད་པ་སོགས་གསལ་བཤད་བྱས་ཡོད།


     ལན་ཤོག་ཆ་ཚང་བཀླགས་ཟིན་རྗེས་འཛིན་ཁང་ཁ་ཁུ་སིམ་མེར་གྱུར་བ་ན། དགེ་རྒན་དེས་“ངས་འདི་ལ་བལྟས་ནས་ཁྱེད་ཚོར་སྐར་གྲངས་སྤྲོད་རྒྱུ་མིན། ངས་འདི་ལ་བརྟེན་ནས་ཁྱོད་ཚོར་བསམ་བློ་ཞིག་གཏོང་དུ་འཇུག་འདོད་པ་ཡོད། དེ་ནི་སུས་ཀྱང་ཤོག་བུའི་དཀར་པོའི་ཆ་ཤས་སྐོར་ལ་བྲིས་མེད་པ་དེ་རེད། ཚང་མས་ནག་ཐིག་ལ་དོ་སྣང་བྱས་འདུག་བ་ནི་ང་ཚོའི་མི་ཚེའི་ནང་འབྱུང་བཞིན་པ་དང་གཅིག་མཚུངས་རེད། ང་ཚོ་ལ་ལྟ་ཞིབ་དང་ལོངས་སུ་སྤྱད་རྒྱུའི་ཆེད་ཤོག་བུ་དཀར་པོ་ཡོད་མོད། འོན་ཀྱང་ང་ཚོས་རྟག་ཏུ་ནག་ཐིག་ཁོ་ན་ལ་དོ་སྣང་བྱེད་བཞིན་ཡོད། དལ་འབྱོར་གྱི་མི་ལུས་འདི་ནི་ཧ་ཅང་རྩ་ཆེན་ཡིན་པས། ང་ཚོར་རྒྱུན་དུ་རང་བྱུང་ཁམས་ཀྱི་མཛེས་སྡུག་དང་། རང་ཉིད་ཀྱི་དགའ་ཉེ་སྤུན་མཆེད། གྲོགས་པོ་དང་གྲོགས་མོ། རང་ཉིད་ཀྱི་འཚོ་རྟེན་བཅོལ་སའི་ལས་ཀ། དེ་བཞིན་ཉིན་ལྟར་མཐོང་བཞིན་པའི་ཡ་མཚན་ཅན་གྱི་དངོས་པོ་སོགས་དགའ་སྟོན་བྱེད་པའི་རྒྱུ་མཚན་མང་པོ་ཡོད།”


    “འོན་ཀྱང་། ང་ཚོས་ནག་ཐིག་གི་གནད་དོན་དང་། འཕྲོད་བསྟེན་གྱི་དཀའ་ངལ། དངུལ་མི་འདང་བའི་དཀའ་ངལ། ནང་མིའི་དཀའ་རྙོག། གྲོགས་པོར་རེ་ཐག་ཆད་པའི་དཀའ་ངལ་སོགས་ལ་ཨུ་ཚུགས་ཀྱིས་དོ་སྣང་བྱེད་ཀྱི་ཡོད། ང་ཚོར་མི་ཚེ་འདིའི་ནང་ཐོབ་པ་ཡོད་ཚད་དང་བསྡུར་ན་ནག་ཐིག་དེ་ཆུང་ཆུང་ཞིག་རེད། འོན་ཀྱང་ནག་ཐིག་དེ་ཚོས་ང་ཚོའི་སེམས་ཁམས་ལ་སྦགས་བཙོག་བཟོ་གི་ཡོད།  དེར་བརྟེན་ནག་ཐིག་དེ་ཚོ་ལ་དོ་སྣང་བརླག་ཆེད་རང་ཉིད་ཀྱི་བདེ་སྐྱིད་དང་། ཚེ་སྲོག་གིས་ཁྱོད་ལ་གནང་བའི་དུས་ཡུན་སྐད་ཅིག་རེ་རེ་སྤྲོ་སྣང་ངང་ལོངས་སུ་སྤྱོད་ཅིང་། མི་ཚེ་དོན་དང་ལྡན་ཞིང་བཟང་ཕྱོགས་སུ་སྐྱེལ་ཐུབ་པ་དགོས།” ཞེས་གསལ་བཤད་དང་བཅས་བསླབ་བྱ་བྱས་སོ།།


Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།