སྒྲུང་ཐུང་བོད་སྒྱུར་མ། (༥༡ - ༥༥)

 ༥༡) བོང་བུ་རོལ་མོ་མཁན།

 

     བོང་བུ་ཞིག་གིས་ཉིན་གང་པོར་ལས་ཀ་བྱས་ཀྱང་སྦྱིན་བདག་གིས་གཟན་ཆག་ཡག་པོ་མ་སྟེར་བས། ཉེ་འཁོར་གྱི་ཤིང་ནགས་ཁྲོད་‘ཨོ་འུ་་་  ཨོ་འུ་་་ ཨོ་འུ་་’ ཞེས་སྐད་རྒྱག་བཞིན་ཡོད།


    ཅང་མ་འགོར་བར། ལྕེ་སྤྱང་ཞིག་དེ་ནས་འགྲོ་བཞིན་པའི་སྐབས་བོང་བུ་དེ་མཐོང་། 


     ལྕེ་སྤྱང་གིས་བོང་བུར། “ཁྱོད་ལ་དོན་དག་ཅི་ཞིག་བྱུང་སོང་ངམ།” ཞེས་དྲིས།


      “ང་ལྟོགས་ཀྱི་འདུག །ངས་ས་ཆ་འདི་ནས་རྩ་ཡོངས་རྫོགས་ཟོས་ཡིན། འོན་ཀྱང་ད་དུང་བརྒྱགས་མ་སོང་།” བོང་བུས་སྐད་ཤུགས་ཆེན་པོས་བཤད།


       ལྕེ་སྤྱང་གིས་ “དེ་ན་ཉེ་འགྲམ་དེ་ན་སྔོ་ཚལ་གྱི་ལྡུམ་ར་ཞིག་ཡོད་པ་ཨེ་ཤེས། ཁྱོད་རང་དེར་སོང་ན་འགྲིག” ཅེས་སྨྲས་པ་ན། 


       “ང་དེར་ཁྲིད་རོགས་གནང་དང་། སྐུ་མཁྱེན” བོང་བུས་ལྕེ་སྤྱང་ལ་ཞུ་བ་བྱས།


       ཚལ་ཞིང་ནང་སླེབས་པ་ན་ཁོ་གཉིས་ཀྱིས་སྔོ་ཚལ་སོས་པ་མང་པོ་བཀོག་ཅིང། མིའི་སྐད་སྒྲ་ཐོས་མ་ཐག་དེ་ནས་བྲོས་ཏེ་སོང་།


       དེ་ནས་སེམས་ཅན་དེ་གཉིས་ཉིན་ལྟར་ཚལ་ཞིང་ནང་དུ་འགྲོ་གི་ཡོད། འོན་ཀྱང་ཉིན་ཞིག །ཞིང་བདག་གིས་ཁོ་གཉིས་མཐོང་བས་དབྱུག་པ་གཞུས་ནས་ཚལ་ཞིང་ནས་ཕྱིར་བསྐྲད།


         ཉིན་དེར་སྲོག་ཆགས་གཉིས་ཀ་ལྟོ་མ་རག་པས་ཧ་ཅང་ལྟོགས།


     ས་རུབ་མ་ཐག་ལྕེ་སྤྱང་གིས་ཁོ་གཉིས་ཡང་བསྐྱར་ལྡུམ་རར་འགྲོ་རྒྱུའི་བསམ་ཚུལ་བཏོན།


      བོང་བུ་དང་ལྕེ་སྤྱང་གཉིས་ཁ་ཁུ་སིམ་པོའི་ངང་ཚལ་ཞིང་ནང་དུ་འཛུལ་ཏེ་གྲོད་པ་མ་བརྒྱག་བར་དུ་ཚལ་ཟ་བ་དང་རྡོག་རྫིས་གཏོང་རྐྱང་བྱས།


    མཚམས་ཤིག་ལ་བོང་བུས། “ཨེ་མ། འདི་འདྲའི་བྲོ་བ་ཆེ་བའི་ཁི་ར། ད་དུང་ཧ་ཅང་མཛེས་སྡུག་ལྡན་པའི་ཟླ་བ་ཡར་ལ་གཟིགས་དང་། བདག་གིས་ཅི་ཕྱིར་གླུ་དབྱངས་ཤིག་མི་ལེན་ནམ།” ཞེས་སྨྲས་པར།


     “ད་ལྟ་མ་ལེན་རོགས། ཁྱོད་ཀྱིས་འདི་ནས་གླུ་ལེན་མི་ཉན།” ལྕེ་སྤྱང་གིས་དངངས་འཚབ་ཀྱིས་སྨྲས།


       བོང་བུས་ཁོང་ཁྲོ་དང་བཅས། “མིན། ངས་གླུ་ལེན་དགོས།” ཞེས་བཤད།


     “ཞིང་པས་ཁྱོད་ཀྱི་སྐད་ཐོས་རྒྱུ་ཡིན་པས། ང་འདི་ན་བསྡད་ན་མི་འདོད།” ལྕེ་སྤྱང་གིས་དེ་ལྟར་བཤད་ནས་ཕྱིར་བྲོས་ཕྱིན།


       བོང་བུས་དབུགས་རིང་ཞིག་འཐེན་ནས་གླུ་དབྱངས་ལེན་འགོ་བརྩམས།


    ཐག་མི་རིང་བའི་ས་ནས་ཞིང་པ་དང་ཁོའི་ནང་མིས་བོང་བུ་ཞིག་གིས་སྐད་ཅོར་རྒྱག་བཞིན་པ་ཐོས་པས། དབྱུག་པ་བཟུང་ནས་བོང་བུ་ཡོད་སར་བརྒྱུགས་སླེབས།


   ཁོ་ཚོས་བོང་བུར་རྒྱུག་རྡུང་གཏོང་གིན་ཚལ་ཞིང་ནས་བདས་པ་ན།

   

   བོང་བུ་སྐད་ཤུགས་ཆེན་པོས་། “ཨོ་འུ་་་་ ཨོ་འུ་་་་ ཨོ་འུ།” ཟེར་བཞིན་ལྕེ་སྤྱང་ཡོད་སར་བྲོས་ཕྱིན།


  དེ་ནས་ལྕེ་སྤྱང་གིས་བོང་བུ་དཀའ་ལས་ཁག་ཡོད་པ་ཤེས་ནས། “ཁྱོད་ཀྱིས་གླུ་དེ་ངེད་གཉིས་ཚལ་ཞིང་ནས་ཐོན་ཟིན་རྗེས་བླངས་ན་འགྲིག་པ་ཡོད། ད་ཤོག །ཁྱོད་ཀྱིས་ངལ་གསོ་བྱ་དགོས་རྒྱུ་རེད།” ཅེས་བཤད་དོ།།



༥༢) ཞྭ་མོ་ཚོང་མཁན་དང་སྤྲེའུ།


      ཞྭ་མོ་ཚོང་མཁན་ཞིག་ཉིན་འགའི་རིང་ཉེ་འཁོར་གྱི་གྲོང་ཚོའི་ནང་ཞྭ་མོ་ཚོང་དུ་སོང་ཞིང་། ད་ལྟ་ཞྭ་མོ་ལྷག་མ་རྣམས་འཁྱེར་ནས་རང་ཉིད་ཀྱི་གྲོང་ཚོའི་ཕྱོགས་སུ་ལོག་ཡོང་བཞིན་ཡོད།


     ཉིན་དེ་དག་གི་རིང་གཉིད་དང་ངལ་གསོ་ཉུང་དྲག་པས་ཁོ་པ་དཀའ་ལས་ཧ་ཅང་ཁག་ཡོད།


   ཁོ་པས་ “ངས་ས་ཆ་ཞིག་ལ་ཏོག་ཙམ་རིང་གཉིད་རྗེས། མགྱོགས་པོ་སོང་ན་གྲོང་ཚོར་བསླེབ་རྒྱུ་རེད།” སྙམ།


    ཁོ་ས་ཤིང་སྡོང་ཆེན་པོ་ཞིག་བཙལ་རྗེས་དེའི་འོག་ཏུ་ཉལ།


    ཡུན་ཐུང་རྗེས་ཁོ་པ་གཉིད་དུ་ཡུར་བ་དང་། ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་གཉིད་ལས་སད།


    ཁོ་པ་ཡར་ལངས་ནས་ལྟ་སྐབས་ཞྭ་མོ་གཅིག་མ་གཏོགས་གཞན་རྣམས་མཐོང་སར་མེད་པར་གྱུར་ཡོད། 


   “ངའི་ཞྭ་མོ།  ངའི་ཞྭ་མོ། ངའི་ཞྭ་མོ་སུས་ཁྱེར་བ་ཡིན་ནམ།” ཁོས་སྐད་ཤུགས་ཆེན་པོས་བོས།


     དེ་ནས་ཁོས་ཤིང་སྡོང་གི་རྩེ་ནས་ཕན་ཚུན་ཁ་བརྡ་བྱེད་བཞིན་པའི་སྒྲ་ལྟ་བུ་ཞིག་ཐོས།


     “འོ། སྤྲེའུ་དེ་དག་རེད་འདུག”ཅེས་སྐད་ཤུགས་ཆེན་པོས་བཤད།


     ཁོ་པས་ད་ནི་ཅི་ཞིག་བྱ་དགོས་སྙམ་ནས་བསམ་བློ་ཞིག་བཏང་རྗེས་ཐབས་ཤེས་ཤིག་རྙེད།


     ཁོས་ས་ཐོག་ནས་ཞྭ་མོ་ལྷག་མ་དེ་ལག་ཏུ་བླངས་ནས་མགོ་ལ་གྱོན་པ་ན།


    སྤྲེའུ་དེ་དག་གིས་ཀྱང་ཁོ་པར་ལད་མོ་བྱས་ཏེ་ཞྭ་མོ་མགོ་ལ་གྱོན།


    དེ་ནས་ཁོས་ཞྭ་མོ་ཕུད་ནས་ས་ལ་གཡུགས་པ་ན།


    སྤྲེའུ་དེ་དག་གིས་ཀྱང་ཞྭ་མོ་ཕུད་ནས་ས་ལ་གཡུགས་པ་རེད།


    ཞྭ་མོ་ཚོང་མཁན་དེས་མགྱོགས་མྱུར་ངང་ཞྭ་མོ་ཚང་མ་ཡར་བསྒྲུགས་ནས་གང་མགྱོགས་ཅི་མགྱོགས་ངང་རང་ཉིད་ཀྱི་གྲོང་ཚོའི་ཕྱོགས་བརྒྱུགས་ཕྱིན་ནོ།།



 ༥༣) གསེར་མདོག་ཅན་གྱི་ངང་པ།


     མཚེའུ་ཞིག་ན་ངང་པ་དམིགས་བསལ་ཅན་ཞིག་འཚོ་བ་རོལ་བཞིན་ཡོད། དེ་ལ་མཛེས་སྡུག་ལྡན་པའི་གསེར་གྱི་སྒྲོ་སྤུ་ལྡན་ཡོད།


    མཚེའུ་དེ་དང་ཉེ་བའི་ས་རུ་རྒན་མོ་ཞིག་དང་བུ་མོ་ཞིག་འཚོ་བཞིན་ཡོད། རྒན་མོ་དེས་དཀའ་ལས་ག་ཚོད་བརྒྱབས་ཀྱང་ད་བར་དབུལ་ཕོངས་སུ་རང་འཇགས་ལུས་ཡོད།


    ཉིན་ཞིག་ངང་པ་དེས་ ‘ངས་ཉིན་ལྟར་རྒན་མོ་དེ་ལ་གསེར་གྱི་སྒྲོ་སྤུ་གཅིག་རེ་སྟེར་ཐུབ་ན། ཁོ་མོས་དེ་དག་བཙོངས་ནས་འཚོ་བའི་ཆེད་སྒོར་མོ་འདང་ངེས་གསོག་ཐུབ་རྒྱུ་རེད།’ སྙམ།


    ཕྱི་ཉིན་ངང་པ་དེ་རྒན་མོའི་སར་ཕྱིན་པ་ན།


    རྒས་མོས་ “བདག་གི་ལག་ན་ཁྱོད་ལ་སྟེར་རྒྱུ་ཅི་ཡང་མེད།” ཅེས་བཤད་པ་ན།


    ངང་པས་ “ཡིན་ན་ཡང་། ངའི་ལག་ན་ཁྱོད་མ་བུ་གཉིས་ལ་སྦྱིན་རྒྱུ་ཞིག་ཡོད།”ཅེས་སྨྲས་ནས་སྒྲོ་སྤུ་ཞིག་བྱིན།


    དེ་ནས་རྒན་མོ་དང་མོའི་བུ་མོས་ཁྲོམ་རར་ཕྱིན་ནས་གསེར་གྱི་སྒྲོ་སྤུ་དེ་བཙོངས་པས་ལག་ཏུ་སྒོར་མོ་མང་པོ་བྱུང་སྟེ་དགའ་སྤྲོ་ཆེན་པོས་ཁྱིམ་དུ་ལོག


    ཉིན་དེ་ནས་ངང་པས་མུ་མཐུད་ཁོང་གཉིས་ལ་རོགས་རམ་བྱས། བུ་མོ་དེ་མཚོ་བྱ་དང་མཉམ་དུ་རྩེད་རྒྱུར་དགའ་བས། ཆར་དུས་དང་གནམ་གཤིས་གྲང་དུས་སུ་མོས་བྱ་དེ་ལ་བདག་སྐྱོང་ཡང་བྱེད་བཞིན་ཡོད།


    དུས་ཚོད་ཀྱི་འཕོ་འགྱུར་དང་ལྷན་རྒན་མོ་དེ་འདོད་རྔམ་ཇེ་ཆེར་སོང་སྟེ།

 ནུབ་མོ་ཞིག་ལ་མོས་‘སྒྲོ་སྤུ་གཅིག་གིས་ཁོ་མོར་རོགས་རམ་ཐུབ་རྒྱུ་མ་རེད་ཨང་།’ སྙམ་སྟེ་བུ་མོར།  “སང་ཉིན་ངང་པ་སླེབས་ན་ངེད་གཉིས་ཀྱིས་སྒྲོ་སྤུ་ཚང་མ་འཐོག་དགོས།” ཞེས་སྨྲས།


     བུ་མོ་ཧང་སང་ནས་རོགས་པ་བྱ་རྒྱུ་ཁས་མ་བླངས།


     ཕྱི་ཉིན་རྒན་མོས་ངང་པ་ཡོང་རྒྱུར་ངང་སྒུག་བྱས།  ངང་པ་ཐོན་པ་ན་རྒན་མོས་ཧོབ་དེ་ཁ་ལ་བཟུང་ནས་སྒྲོ་སྤུ་ཡོངས་རྫོགས་བཏོགས།


     རྒན་མོས་སྒྲོ་སྤུ་བཏོགས་རྗེས་སྒྲོ་སྤུ་ཡོངས་རྫོགས་དཀར་པོར་གྱུར་བ་རེད།  དེ་མཐོང་མ་ཐག་རྒན་མོས་ངང་པ་ལག་ནས་གློད་དེ་ “ངའི་གསེར་གྱི་སྒྲོ་སྤུ། ངའི་གསེར་གྱི་སྒྲོ་སྤུ་་་་་་་” ཞེས་སྨྲེ་སྔགས་བཏོན་པ་ན།


    ངང་པས་“ཁྱོད་རང་འདོད་རྔམ་ཆེ་དྲགས་པ་རེད། ངོ་མ་འདོད་རྔམ་ཆེ་དྲགས་པ་རེད། ཁྱོད་ཀྱིས་ངའི་འདོད་བབས་མེད་བཞིན་དུ་སྒྲོ་སྤུ་ཡོངས་རྫོགས་བཏོགས་པར་བརྟེན། སྒྲོ་སྤུ་ཚང་མ་དཀར་པོར་གྱུར་བ་རེད།” ཅེས་སྨྲས་ནས་ཁོང་ཁྲོ་དང་བཅས་འཕུར་སོང་ངོ་།།


     

    ༥༤) རྒྱལ་པོའི་འདྲ་རིས།


   གནའ་སྔ་མོ་འཛམ་བུ་གླིང་གི་དབུས་སུ་རྒྱལ་ཁབ་ཅིག་ཡོད། དེར་རྒྱལ་པོ་རྐང་པ་ཡ་གཅིག་དང་མིག་ཡ་གཅིག་ལས་མེད་པ་ཞིག་ཡོད། འོན་ཀྱང་རྒྱལ་པོ་དེ་བློ་གྲོས་ཆེ་ཞིང་བྱམས་བརྩེ་དང་ལྡན་པ་ཞིག་རེད། ཁོང་གི་བཀའ་དྲིན་ལ་བརྟེན་ནས་རྒྱལ་ཁབ་དེའི་ནང་གནས་སྡོད་བྱེད་པའི་མི་ཚང་མ་བདེ་ཐང་ངང་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བཞིན་ཡོད་པར་གདའ། 


   ཉིན་ཞིག་རྒྱལ་པོ་ཕོ་བྲང་གི་བར་ཁྱམས་སུ་འཆམ་འཆམ་དུ་ཕེབས་བཞིན་པའི་སྐབས་མེས་པོའི་འདྲ་རིས་དག་རེ་རེ་བཞིན་གཟིགས་པས། ཁོང་གི་ཐུགས་ལ་“ཉིན་ཞིག་བདག་གི་བུ་ཕྲུག་དག་གིས་ཀྱང་བར་ཁྱམས་འདི་ནས་འགྲོ་དུས་འདྲ་རིས་འདི་དག་མཐོང་ནས་མེས་པོ་ཡོངས་ལ་དྲན་གསོ་ཐུབ་རྒྱུ་རེད་ཨང་།” སྙམ།

 

   འོན་ཀྱང་རྒྱལ་པོར་རང་ཉིད་ཀྱི་འདྲ་རིས་གཅིག་ཀྱང་མེད། རྒྱུ་མཚན་ནི་ཁོང་གི་དབང་པོ་ཐང་ཐང་མེད་པར་སོང་རི་མོ་ཇི་འདྲ་ཞིག་ཡོང་མིན་ཚོད་བགམ་མི་ཐུབ་པས་རེད། དེར་བརྟེན་ཁོང་གི་རང་ཉིད་ཀྱི་རྒྱལ་ཁབ་དང་ཕྱིའི་རྒྱལ་ཁབ་ཁག་ནས་སྙན་གྲགས་ཡོད་པའི་རི་མོ་བ་མང་པོ་རྒྱལ་ཁང་དུ་བོས་ཏེ། “བདག་ལ་ཕོ་བྲང་ནང་དུ་འཇོག་རྒྱུའི་ཆེད་འདྲ་རིས་ཡིད་དུ་འོང་བ་ཞིག་དགོས། རི་མོ་བ་ཁྱེད་རྣམས་ཀྱི་ཁྲོད་དུ་རི་མོ་ལེགས་པོ་བྲི་ཐུབ་མཁན་ཡོད་ན་མདུན་དུ་ཐོན་ཤོག །བདག་གིས་བྱ་དགའ་གྱ་ནོམ་པ་སྤྲོད་རྒྱུ་ཡིན།” ཞེས་ཁྱབ་བསྒྲགས་བྱས།


  རི་མོ་མཁན་ཚོས། “རྒྱལ་པོ་ལ་རྐང་པ་གཅིག་དང་། མིག་གཅིག་མ་གཏོགས་མི་འདུག །ཁོའི་རི་མོ་ཇི་ལྟར་ཡིད་དུ་འོང་བ་ཞིག་ཡོང་ཐུབ། དེ་ནི་ཧ་ཅང་དཀའ་བའི་གནད་ཅིག་རེད། གལ་ཏེ་རི་མོ་ལེགས་པོ་མ་བྱུང་ན་རྒྱལ་པོ་ཁོང་ཁྲོ་ལངས་ནས་ཆད་པ་གཅོད་ངེས་རེད།” སྙན་ནས་ཚང་མས་ཁ་གཡར་ས་རེ་བཙལ་ནས་གུས་ཞབས་དང་བཅས་རྒྱལ་པོའི་རི་མོ་བྲི་རྒྱུ་ཁས་མ་བླང་པ་རེད།


   འོན་ཀྱང་གློ་བུར་དུ་རི་མོ་མཁན་ཞིག་གིས་ལག་པ་ཡར་བཀྱགས་ནས་“གུས་པས་རྒྱལ་པོའི་འདྲ་རིས་མཛེས་སྡུག་ལྡན་པ་ཞིག་བྲི་རྒྱུ་ཡིན། དེ་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་ངེས་རེད།” ཞེས་ཞུས། རྒྱལ་པོ་སྐད་ཆ་དེ་གསན་པ་དང་དགྱེས་ཚོར་ཆེན་པོ་བྱུང་། འོན་ཀྱང་རི་མོ་བ་གཞན་རྣམས་ཡ་མཚན་ཆེན་པོ་སྐྱེས་པ་རེད། དེར་རྒྱལ་པོས་གནང་བ་སྤྲད་པས་ཁོ་པས་རི་མོ་བྲི་འགོ་བརྩམས། ཏོག་ཙམ་རྗེས་ཁོ་པས་རི་མོའི་ཐོག་ཚོན་གཏོང་འགོ་ཡང་བརྩམས། དེ་ནས་དུས་ཡུན་རིང་ཙམ་རྗེས། ཁོ་པས་རྒྱལ་པོར་འདྲ་རིས་གྲ་སྒྲིག་ཡིན་ཚུལ་ཞུས། 


     བློན་པོ་ཡོངས་དང་རི་མོ་བ་གཞན་ཚང་མ་ཡ་མཚན་དང་བཅས་བྲེལ་འཚུབ་ལངས་ནས་“རྒྱལ་པོ་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་པས་རི་མོ་བ་དེས་རྒྱལ་པོའི་འདྲ་རིས་ཡིད་དུ་འོང་བ་ཞིག་ཇི་ལྟར་འབྲི་ཐུབ་བམ།  གལ་ཏེ་རྒྱལ་པོ་རི་མོ་ལ་མ་མགུ་ནས་ཁོང་ཁྲོ་ལངས་ན་ཇི་ལྟར་བྱེད།”སྙམ། འོན་ཀྱང་རི་མོ་བ་དེས་རྒྱལ་པོའི་འདྲ་རིས་བསྟན་པ་ན། རྒྱལ་ཁང་ནང་ཡོད་པའི་རྒྱལ་པོས་གཙོས་པའི་མི་ཚང་མ་ཧང་སང་པར་གྱུར་བ་རེད།


    རྒྱུ་མཚན་ནི། རི་མོ་བ་དེས་རྒྱལ་པོས་རྟ་ཞིག་གི་ཐོག་བཞོན་ཞིང་། རྐང་པ་ཡ་གཅིག་གི་སྟེང་དུ་གཞུ་བཟུང་། མིག་ཡ་གཅིག་བཙུམས་ནས་མདའ་གཟིར་ནས་བསྡད་ཡོད་པ་ཞིག་བྲིས་ཡོད་པས་རེད། རྒྱལ་པོ་དེ་རང་ཉིད་ཀྱི་དབང་པོའི་སྐྱོན་རྣམས་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་སྦས་ཏེ་རི་མོ་ཡིད་དུ་འོང་ཞིག་བྲིས་ཡོད་པ་དེ་གཟིགས་པས་ཧ་ཅང་མགུ་བས་རི་མོ་བར་བྱ་དགའ་གྱ་ནོམ་པ་གནང་ངོ་།།

     

    

      ༥༥) རྒྱལ་པོ་དང་ནེ་ཙོ་མཇུག་རིང་།


   སྔོན་ཆད་ཡུལ་ཞིག་གི་རྒྱལ་པོ་ཉེ་འཁོར་གྱི་རྒྱལ་ཕྲན་ཁག་ལ་གཟིགས་སྐོར་དུ་ཕེབས། མཐའ་མར་འབྱོན་ཡུལ་གྱི་རྒྱལ་ཕྲན་དེའི་རྒྱལ་པོས་ཁོང་ལ་ནེ་ཙོ་མཇུག་རིང་གི་བྱིའུ་ཕྲུག་གཉིས་ཕུལ་བ་རེད། ནེ་ཙོ་དེ་གཉིས་ནི་རྒྱལ་པོས་ད་བར་གཟིགས་པའི་བྱ་རིགས་ལས་ཆེས་མཛེས་སྡུག་ལྡན་པ་གཉིས་ཡིན་པ་པས་རྒྱལ་པོ་ཕྱིར་རང་ཉིད་ཀྱི་རྒྱལ་ཁང་དུ་འཁོར་རྗེས་བྱིའུ་གསོ་སྐྱོང་མཁན་ཞིག་བོས་ནས་ནེ་ཙོ་གཉིས་ལ་སྦྱོང་བརྡར་སྤྲོད་དུ་བཅུག


   ལྷག་ཏུ་རྒྱལ་པོས་ཕོ་བྲང་གི་ལྡུམ་རའི་ནང་ནེ་ཙོའི་གཉིས་ཀྱི་ཆེད་ས་ཆ་ཞིག་ཀྱང་བཀོད་སྒྲིག་གནང་བ་མ་ཟད། རྒྱུན་དུ་ཕོ་བྲང་གི་སྒེའུ་ཁུང་ནས་ཁོ་ཚོར་གཟིགས་གནང་གི་ཡོད། དུས་ཡུན་རིང་པོ་ཞིག་འདས་རྗེས། ནེ་ཙོར་སྦྱོང་བརྡར་སྤྲོད་མཁན་དེ་ཕོ་བྲང་དུ་བཅར་ནས་རྒྱལ་པོའི་སྙན་ལ། “ནེ་ཙོ་གཉིས་ནས་གཅིག་མཁའ་དབྱིངས་སུ་རྔམ་བརྗིད་ལྡན་པའི་ངང་འཕུར་སྐྱོད་བྱེད་ཀྱི་ཡོད་མོད། གཅིག་ཤོས་དེ་རྒྱལ་ཁང་དུ་འབྱོར་བའི་ཉིན་ནས་ཤིང་སྡོང་གི་ཡལ་ག་ཞིག་གི་་ཐོག་སྡོད་པ་ལས་འགུལ་སྐྱོད་རྩ་བ་ནས་བྱ་གི་མི་འདུག” ཅེས་ཞུས་པ་རེད།


    གནས་ཚུལ་དེ་ཐོས་མ་ཐག་རྒྱལ་པོས་ཉེ་འཁོར་རྒྱལ་ཕྲན་ཁག་གི་ཕྱུགས་རིགས་སྦྱོང་བརྡར་བ་དང་གསོ་བཅོས་མཁན་དག་བོས་ཤིང་། དེ་དག་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཀྱང་ནེ་ཙོ་དེ་འཕུར་དུ་འཇུག་མ་ཐུབ། རྒྱལ་པོས་བློན་པོའི་ཚོགས་ལ་ཐབས་བརྒྱ་ཇུས་སྟོང་གིས་ནེ་ཙོ་དེ་འཕུར་དུ་འཇུག་དགོས་པའི་བཀའ་བཏང་ཡང་སུས་ཀྱང་མ་ནུས། ཐ་ན་ནེ་ཙོ་དེ་ཁོ་པ་བསྡད་སའི་ཡལ་ག་དེའི་ཐོག་ནས་འགུལ་སྐྱོད་རྩ་བ་ནས་བྱེད་ཀྱི་མེད་པ་རེད། ཐབས་ཤེས་ཡོད་རྒུ་བྱས་མཐར། རྒྱལ་པོའི་སེམས་སུ་‘རང་བྱུང་འཚོ་གནས་ལ་རྒྱུས་མངའ་ཟབ་པའི་སྐྱེ་བོ་ཞིག་བོས་ཐུབ་ན་བཟང་།’ སྙམ་སྟེ། བློན་པོ་རྣམས་ལ་“གྲོང་ཁྱེར་གྱི་ཕྱི་ནས་ཞིང་པ་ཞིག་བོས་ཤོག །གཅིག་བྱས་ན་ཞིང་པས་ནེ་ཙོའི་དཀའ་ངལ་སེལ་ཐུབ་རྒྱུ་རེད།” ཅེས་བཀའ་བཏང་བས། བློན་པོས་ཞིག་གིས་ཞིང་པ་མྱོང་ཅན་ཞིག་རྒྱལ་ཁང་དུ་བོས།


   ཕྱི་ཉིན་གྱི་ཞོགས་པ་དེར། ནེ་ཙོ་གཉིས་ཀ་ཕོ་བྲང་གི་ལྡུམ་རའི་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་པ་རྒྱལ་པོས་གཟིགས་པས་དགའ་ཚོར་ཆེན་པོ་སྐྱེས། ཁོ་པས་ལམ་སེང་བློན་པོ་ཞིག་ཞིང་པ་དེ་མདུན་དུ་འབོད་པར་མངགས། བློན་པོ་དེ་མྱུར་དུ་སོང་ནས་ཞིང་པ་བོས་ཏེ་རྒྱལ་པོའི་མདུན་དུ་ལང་དུ་བཅུག །རྒྱལ་པོས་མཛུམ་དམུལ་ངང་“ཁྱོད་ཀྱིས་ཐབས་ཤེས་ཅི་ཞིག་སྤྱད་ནས་ནེ་ཙོ་དེ་འཕུར་དུ་བཅུག་པ་ཡིན་ནམ།”ཞེས་བཀའ་འདྲི་གནང་།


     ཞིང་པ་དེས་གུས་ཞབས་དང་བཅས་ལག་གཉིས་ཐལ་པོ་སྦྱར་ནས་“རྒྱལ་པོ་རིན་པོ་ཆེ། དེ་ནི་ཧ་ཅང་ལས་སླ་མོ་ཞིག་རེད་འདུག །བདག་གིས་ནེ་ཙོ་བསྡད་སའི་ཡལ་ག་དེ་བཅད་པ་ཙམ་ཡིན། དེ་ལས་གཞན་གང་ཡང་བྱས་མེད།” ཅེས་ཞུས་སོ།།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།