སྒྲུང་ཐུང་བོད་སྒྱུར་མ། (༧༦ - ༨༠)
༧༦) སེར་ཁ་ཅན་གྱི་རྫ་མ།
རྒྱ་གར་བ་ཆུ་ལེན་མཁན་ཞིག་ལ་རྫ་མ་ཆེན་པོ་གཉིས་ཡོད། ཁོ་པས་ཉིན་ལྟར་དེ་གཉིས་གཉའ་ཤིང་གི་སྣེ་མོ་གཉིས་ལ་བཀལ་ནས་ཆུ་ལེན་དུ་འགྲོ་གི་ཡོད། དེ་ལས་རྫ་མ་གཅིག་ལ་སེར་ཁ་ཏོག་ཙམ་གས་ཡོད་ཅིང་། གཞན་དེར་སྐྱོན་རྩ་བ་ནས་མེད། གས་ཆག་མེད་པའི་རྫ་མ་དེས་ཉིན་ལྟར་སྦྱིན་བདག་གི་ཁྱིམ་དུ་ཆུ་ཆ་ཚང་སྐྱེལ་འདྲེན་ཐུབ་ཀྱི་ཡོད། འོན་ཀྱང་སེར་ཁ་ཅན་གྱི་རྫ་མ་དེས་ཆུ་ཕྱེད་ཙམ་ལས་སྐྱེལ་ཐུབ་ཀྱི་མེད།
དུས་ཡུན་ལོ་ངོ་གཉིས་ཙམ་འདས་སོང་། དེའི་རིང་ཆུ་ལེན་པས་ཉིན་ལྟར་ཁོ་པའི་སྦྱིན་བདག་གི་ཁྱིམ་ལ་ཆུ་རྫ་མ་ཕྱེད་དང་གཉིས་ཙམ་སྐྱེལ་ཐུབ་ཀྱི་ཡོད། གས་ཆག་མེད་པའི་རྫ་མ་དེས་རང་ཉིད་ཀྱི་གྲུབ་འབྲས་ལ་སྤོབས་པ་ཆེན་པོ་བྱས་ནས་ངོམ་གྱི་ཡོད། དེའི་ལས་ཀ་ནི་ངོ་མ་འཐུས་སྒོ་ཚང་བ་ཞིག་རེད་ཨང་། སེར་ཁ་ཅན་གྱི་རྫ་མ་ནི་དེ་ལས་ལྡོག་སྟེ། རང་ཉིད་ཀྱི་སྐྱོན་ཆས་ལས་འགན་འཐུས་སྒོ་ཚང་བ་ཞིག་སྒྲུབ་ཐུབ་ཀྱི་མེད་པར་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱར་ཡོད།
ལོ་གཉིས་ཙམ་དེ་ལྟར་གྲུབ་འབྲས་ལེགས་པོ་མ་བྱུང་བའི་ཚོར་སྣང་འོག་བསྐྱེལ་རྗེས་ཀྱི་ཉིན་ཞིག་སེར་ཁ་ཅན་གྱི་རྫ་མས་ཆུ་ལེན་པར། “ང་ངོ་མ་རང་ཉིད་ལ་ཡི་ཐང་ཆད་ཅིང་། ངོ་གནོང་ཡོང་གི་འདུག །གུས་པས་ཁྱེད་ལ་དགོངས་དག་ཞུ། སེམས་གཏིང་ནས་དགོངས་དག་ཞུ།” ཞེས་བཤད་པར། ཆུ་ལེན་པས། “རྒྱུ་མཚན་གང་གི་ཕྱིར། ཁྱོད་ཀྱིས་ཅི་ཞིག་ལ་ངོ་གནོང་དགོས་པ་རེད་དམ།” ཞེས་དྲིས། “འདས་པའི་ལོ་ངོ་གཉིས་རིང་ངས་ལས་འགན་ཕྱེད་ཀ་ཙམ་ལས་བསྒྲུབས་ཐུབ་མ་སོང་། ངའི་གས་སྲུབས་དེ་ལས་ཆུ་ཕྱིར་བོ་ནས་ཆུད་ཟོས་སུ་འགྲོ་གི་ཡོད། ངའི་སྐྱོན་ཆས་རྐྱེན་ཁྱེད་ཀྱིས་འབད་བརྩོན་བྱས་པ་རིན་ཐང་མེད་པར་འགྱུར་གྱི་ཡོད།” ཅེས་རྫ་མ་སེར་ཁ་ཅན་གྱིས་ཆུ་ལེན་པར་སྐད་གདངས་དམའ་བོས་བཤད།
ཆུ་ལེན་པ་རྫ་མ་སེར་ཁ་ཅན་ལ་སྙིང་རྗེ་སྐྱེས་ཤིང་། ཁོ་པས་བྱམས་བརྩེའི་ངང་། “དེ་རིང་ང་ཚོ་སྦྱིན་བདག་གི་ཁྱིམ་ལ་འགྲོ་དུས། ཁྱོད་ཀྱིས་ལམ་ཟུར་དུ་སྐྱེས་པའི་མེ་ཏོག་དག་ལ་ཡག་པོ་བྱས་ནས་ལྟོས་ཨང་།” ཞེས་བཤད། དེ་ནས་ཁོ་ཚོ་སྦྱིན་བདག་གི་སྒོར་འགྲོ་སྐབས་རྫ་མ་སེར་ཁ་ཅན་གྱིས་ཆུ་ལེན་པས་བཤད་པ་ལྟར་ལམ་འགྲམ་གྱི་ཉི་འོད་འཐུང་བཞིན་པའི་མཛེས་སྡུག་ཅན་གྱི་མེ་ཏོག་དག་ལ་རེ་རེ་བཞིན་ལྟ་གིན་བསྐྱོད་པས་སེམས་ལ་བདེ་སྐྱིད་ཐོབ། འོན་ཀྱང་ལམ་ཕྲན་གྱི་མཇུག་ཏུ་སླེབས་སྐབས་སྔར་བཞིན་ཆུ་ཕྱེད་ཀ་བོ་ཟིན་པས། ལས་འགན་མ་འགྲུབ་པ་ལྟ་བུས་སེམས་སྡུག་ཚད་མེད་བྱུང་།
ཆུ་ལེན་པས་རྫ་མ་སེར་ཁ་ཅན་ལ། “ཁྱོད་ཀྱིས་རང་ཉིད་ཕྱོགས་ཀྱི་ལམ་ཕྲན་སྟེང་དུ་མེ་ཏོག་ཡོད་པ་ལས། ལམ་ཕྲན་གྱི་ཕྱོགས་གཞན་དེར་མེ་ཏོག་མེད་པ་དོ་སྣང་བྱུང་ངམ། དེའི་རྒྱུ་མཚན་ནི་ངས་རྒྱུན་དུ་ཁྱོད་ཀྱི་ཁྱད་ཆོས་ཤེས་ཡོད་པས་གོ་སྐབས་བླངས་ཏེ། ཁྱོད་ཀྱི་ཕྱོགས་དེར་མེ་ཏོག་བཏབ་པ་ཡིན། ཉིན་ལྟར་ང་ཚོ་རྒྱུག་ཆུ་ནས་ལོག་ཡོང་སྐབས་ཁྱོད་ཀྱིས་མེ་ཏོག་དེ་ཚོར་ཆུ་ལྡུད་ཀྱི་ཡོད། ལོ་ངོ་གཉིས་ཀྱི་རིང་བདག་གིས་མཛེས་སྡུག་ལྡན་པའི་མེ་ཏོག་དག་བདམས་ནས་སྦྱིན་བདག་གི་ཅོག་ཙེ་མཛེས་སྡུག་ལྡན་པ་བཟོ་ཐུབ་པ་བྱུང་། གལ་ཏེ་ཁྱོད་རང་འདི་འདྲ་ཞིག་མིན་པའི་དབང་དུ་བཏང་ན། ཁོང་གི་ཁྱིམ་ལ་དེ་ལྟར་མཛེས་སྡུག་གིས་སྤྲས་ཐུབ་ཐབས་མེད།” ཅེས་སྨྲས་སོ།།
༧༧) པཎྜི་ཏ་དང་ཕྱུག་པོ།
གྲོང་ཚོ་ཞིག་གི་ནང་དུ་པཎྜི་ཏ་ཞིག་ཡོད། ཁོང་ནི་གསུང་རབ་ཡོད་ཚད་ལ་བྱང་ཆུབ་པ་ཞིག་ཡིན་པར་གྲགས། ཁོང་གིས་ཐམས་ཅད་ཤེས་མོད། འོན་ཀྱང་དབུལ་པོ་ཞིག་རེད། ཁོང་ལ་ཁང་པ་མེད་ཅིང་། ཉིན་རེའི་ལྟོ་དུས་གཅིག་རག་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། ཁོང་གིས་རྒྱུན་དུ་གྱོན་གོས་ཀྱང་ཧྲལ་ཧྲུལ་ཁོ་ན་གྱོན་གྱི་ཡོད།
པཎྜི་ཏས་ཉིན་ལྟར་“སྦྱིན་བདག་ལགས་བསོད་སྙོམས་ཤིག་གནང་རོགས།” ཟེར་བཞིན་གྲོང་ཚོའི་དུད་ཁྱིམ་རེ་རེ་བཞིན་གྱི་སྒོ་མདུན་དུ་བསོད་སྙོམས་སློང་དུ་ཕེབས་ཀྱི་ཡོད། འོན་ཀྱང་མི་མང་པོ་ཞིག་གིས་ཁོང་གི་ལྭ་བ་མཐོང་མ་ཐག་ཁོང་སྨྱོན་པ་རེད་སྙམ་ནས། “ཁྱོད་ཕར་སོང་།” ཟེར་བཞིན་མདུན་ནས་སྒོ་རྒྱག་གི་ཡོད་པ་རེད། དེར་བརྟེན་ཁོང་ལ་ཉིན་མང་པོ་ཞིག་གི་རིང་ཟ་མ་ཐེངས་གཅིག་ཀྱང་བཟའ་རྒྱུ་བྱུང་མེད།
ཉིན་ཞིག་ཁོང་ལ་གྱོན་གོས་གསར་པ་རག །གྱོན་གྱོས་དེ་དག་སྐྱེ་བོ་འབྱོར་ལྡན་ཞིག་གིས་ཁོང་ལ་བྱིན་པར་གྲགས། ཁོང་གིས་གྱོན་གོས་གསར་པ་དེ་དག་གྱོན་རྗེས་སྔར་རྒྱུན་བཞིན་བསོད་སྙོམས་སློང་དུ་ཆས། ད་ལན་ཁོང་ཕེབས་སའི་ཁྱིམ་བདག་དང་པོ་དེས། “སྐུ་ཞབས་ལགས། ཡར་ཕེབས་དང་། བདག་གི་ཁྱིམ་དུ་ཞལ་ལག་མཆོད་དུ་ཕེབས་དང་།” ཟེར་བཞིན་གུས་ཞབས་དང་བཅས་པཎྜི་ཏ་ནང་དུ་གདན་དྲངས།
པཎྜི་ཏ་སྦྱིན་བདག་གི་ཁྱིམ་དུ་ཕེབས་ནས་མར་བཞུགས་མ་ཐག །སྦྱིན་བདག་གིས་ཐང་དང་། མངར་ཟས། བག་ལེབ། ད་དུང་ཟས་སྣ་བྲོ་བ་ཅན་མང་པོ་མདུན་དུ་བཤམས། སྔོན་ལ་མཆོད་པ་འབུལ་སྲོལ་ཡོད་པ་བཞིན། པཎྜི་ཏས་མངར་ཟས་ཤིག་བླངས་ཏེ་“ཡ་་་་། ད་ཟོ་ཞིག །ད་ཟོ་ཞིག” ཟེར་བཞིན་གྱོན་གོས་ལ་སྟེར་འགོ་བརྩམས།
སྦྱིན་བདག་གི་ཁྱིམ་མི་ཚང་མས་ཁོང་གིས་དེ་ལྟར་གནང་བ་མཐོང་བས་ཧ་ལས་ཤིང་། དེ་ལྟར་གནང་དོན་མ་རྟོག་པས། “གྱོན་གོས་ཀྱིས་ཟ་མ་ཟ་ཐུབ་ཀྱི་རེད་དམ། མཁས་དབང་ལགས། ཁྱེད་ཀྱིས་དེ་ལྟར་གནང་དོན་ཅི་ཞིག་ཡིན་ནམ།” ཞེས་དྲིས།
དེ་ནས་པཎྜི་ཏས་“གྱོན་གོས་འདི་དག་ལ་བརྟེན་ནས་དེ་རིང་ཁྱེད་ཚོས་བདག་ལ་བསོད་སྙོམས་གནང་བྱུང་། ཁ་སང་གྱོན་གོས་འདི་མེད་དུས་ཁང་པ་འདི་རང་གི་སྒོ་ནས་ཁྱེད་ཚོས་ང་ཕུད་པ་མ་ཡིན་ནམ། གྱོན་གོས་འདི་དག་གིས་རྐྱེན་པས་དེ་རིང་ངས་ཟ་མ་ཞིམ་པོ་ཐོབ་པས་ངས་ཁོ་ཚོར་ཐུགས་རྗེ་ཆེ་ཞུ་དགོས། དེའི་ཕྱིར་ངས་སྔོན་ལ་ཁོ་ཚོར་ལྟོ་སྟེར་བཞིན་ཡོད།” ཅེས་གསུངས་པ་ན་དུད་ཚང་དེའི་ཁྱིམ་མི་ཚང་མ་ངོ་གནོང་དགོས་པར་གྱུར་ཏོ།།
༧༨) བ་མོ་དང་སེང་གེ།
དུས་སྐབས་ཤིག་ལ་ནགས་ཚལ་ཞིག་གི་ཁྲོད་དུ་བ་མོ་བཞི་འཚོ་སྡོད་བྱེད་བཞིན་ཡོད།
ཁོ་ཚོ་ཉིན་ལྟར་ས་གནས་གང་སར་རྩ་ཟ་བར་མཉམ་དུ་སྐྱོད་ཀྱི་ཡོད།
ཉིན་ཞིག །སེང་གེ་ཞིག་ལམ་དེ་བརྒྱུད་ནས་འགྲོ་བཞིན་པའི་སྐབས་བ་མོ་བཞི་པོ་མཐོང་།
སེང་གེས་“དེ་རིང་བདག་ལ་གུང་ཟས་རྒྱས་པོ་ཞིག་ཡོང་བ་འདུག”ཅེས་ཆིག་ལབ་བྱེད་བཞིན་བ་མོ་དག་དང་ཁ་ཐག་ཉེ་སར་ཕྱིན་པ་ན།
བ་མོ་བཞིས་སེང་གེ་ཁོ་ཚོའི་ཉེ་འགྲམ་དུ་ཡོང་བཞིན་པ་མཐོང་ནས་གཅིག་གིས་གཅིག་ལ་“དགྲ་བོ་ཡོང་གི་འདུག །ཚང་མ་མཉམ་གཅིག་ཏུ་ཤོག” ཟེར་བཞིན་མཉམ་གཅིག་ཏུ་སེང་གེར་འཐབ་འཛིང་བྱེད་དུ་བསྐྱོད།
སེང་གེ་དེ་ཞེད་ཐག་ཆོད་ནས་བྲོས་སོང་ངོ་།།
ཉིན་འགའ་ཞིག་འགོར་རྗེས། བ་མོ་དེ་དག་ཁ་རྩོད་ཤོར། བ་མོ་དང་པོས་“ད་ནས་ང་ཚོ་མཉམ་དུ་འདུག་ཐབས་མེད་གཤིས། ཕྱོགས་སོ་སོར་རྩ་བཟའ་རུ་འགྲོ་རྒྱུ་བྱོས། ང་ཤར་ཕྱོགས་སུ་ཕྱིན་ཆོག” ཅེས་སྨྲས་ཏེ་ཤར་ཕྱོགས་སུ་ཕྱིན། དེ་ནས་བ་མོ་གཉིས་པ་ལྷོ་ཕྱོགས་དང་། གསུམ་པ་ནུབ་ཕྱོགས། བཞི་པ་བྱང་ཕྱོགས་སུ་ཕྱིན། དུས་དེ་ནས་ཁོ་ཚོ་དེ་ལྟར་ཁ་བྲལ་སྟེ་ཕྱོགས་སོ་སོར་རྩ་བཟའ་རུ་འགྲོ་འགོ་བརྩམས།
སེང་གེས་བ་མོ་དེ་དག་གི་གནས་སྟངས་ལ་དོ་སྣང་བྱུང་སྟེ། “ད་ནི་དུས་ལ་བབས་འདུག” སྙམ་ནས་བ་མོ་ཡོད་སར་སླེབས།
མཐའ་མ་སེང་གེས་བ་མོ་བཞི་པོ་རེ་རེ་བཞིན་གསོད་ཐུབ་པ་བྱུང་ངོ་།།
༧༩) བྲམ་ཟེ་ལོང་བ།
ཨག་པར་གྱི་རྒྱལ་ཁོངས་ན་བྲམ་ཟེ་ཞིག་ཡོད། མི་རྣམས་ཀྱིས་ཁོང་མ་འོངས་ལུང་བསྟན་གནང་མཁན་དང་། མོ་འདེབས་མཁན་མཆོག་ཏུ་གྱུར་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཐེངས་ཤིག་སྐྱེས་པ་ཞིག་དང་བུད་མེད་ཅིག་ཚ་མོ་ནད་པ་ཞིག་ཡོད་པ་ཁྲིད་ནས་བྲམ་ཟེར་བསྟེན་དུ་བཅར། བུ་མོ་དེའི་ཕ་མ་གཉིས་དྲག་སྤྱོད་པས་མོའི་མིག་གི་མདུན་དུ་སྐེ་བཏུབ་སྟེ་བསད་པ་རེད།
བུ་མོས་བྲམ་ཟེ་མཐོང་མ་ཐག་སྐད་ཤུགས་ཆེན་པོས་“ཉེས་ཅན་པ་ཁོ་རེད། ངའི་ཕ་མ་གཉིས་གསོད་མཁན་ཉེས་ཅན་པ་གཏེ་པོ་ཁོ་རེད།” ཅེས་ངར་ངར་གྱིས་བཤད།
བྲམ་ཟེ་དེ་བུ་མོའི་སྐད་ཆ་དེ་ཐོས་མ་ཐག་ཁོང་ཁྲོ་རབ་ཏུ་འབར་ཏེ་ཁྱོ་ཤུག་གཉིས་ལ་“ཁྱོད་ཚོ་འདིར་སྡོད་མི་དགོས། བུ་མོ་མདོག་ངན་དེ་ཁྲིད་ནས་ལམ་སེང་སེང་འདི་ནས་སོང་།” ཞེས་སྐད་ཤུགས་ཡོད་ཚད་ཀྱིས་བཤད།
བུ་མོ་དེས་“ངའི་ཕ་མ་གསོད་མཁན་ཁོ་རེད། ཁོ་བྲམ་ཟེ་མ་རེད་ལག་དམར་བ་རེད།” ཅེས་ཟེར་གྱིན་ཉིན་གང་ངུ་བཞིན་བསྡད་པ་ན། ད་གཟོད་ཨ་ཁུ་བཟའ་ཟླ་གཉིས་ཀྱིས་བུ་མོས་རྫུན་བཤད་ཀྱི་མེད་པ་ངེས་ཤེས་བྱུང་།
དེ་ནས་ཁོང་གཉིས་ཀྱིས་བློན་ཆེན་བྷིར་བལ་ལ་ཕྱག་རོགས་གནང་རོགས་ཞུ་རྒྱུ་ཐག་བཅད།
བྷིར་བལ་གྱིས་ཁོ་ཚོའི་གནས་ཚུལ་ཉན་རྗེས་སེམས་གསོ་བྱས་ཏེ། རྒྱལ་བློན་འཚོག་རྒྱུར་སྒུག་དགོས་པའི་བསླབ་བྱ་ཡང་བྱས། དེ་ནས་ཁོ་པས་བྲམ་ཟེ་ལོང་བ་དེ་རྒྱལ་ཁང་དུ་མགྲོན་འབོད་ཞུ་རུ་བཏང་།
རྒྱལ་བློན་མཐའ་དག་འཚོགས་རྗེས། བྷིར་བལ་གྱིས་གློ་བུར་དུ་ཚང་མས་མཐོང་སར་རལ་གྲི་རིང་པོ་ཞིག་འཕྱར་ཏེ་བྲམ་ཟེ་དེ་གསོད་དུ་རྒྱུག་པ་ན། བྲམ་ཟེ་ཞེད་ཐག་ཆོད་ནས་ཅི་བསམ་འདི་བསམ་མེད་པར་རལ་གྲི་གཞན་ཞིག་བླངས་ནས་ཕར་རྒོལ་བྱེད་འགོ་བརྩམས། གནད་དོན་དེས་བྲམ་ཟེ་དེ་ལོང་བ་མིན་པ་གསལ་སྟོན་ཐུབ་པ་རེད།
དེར་བརྟེན་ཨག་པར་གྱིས་བྲམ་ཟེ་དེ་རྫུན་མ་ཞིག་ཡིན་པ་དང་། ཉེས་ཅན་གཏེ་པོ་ཡིན་པ་རྟོགས་ཏེ་ལམ་སེང་སྲོག་ཐོག་བྱ་དགོས་པའི་བཀའ་བཏང་ཞིང་། བུ་མོ་དེས་གནས་སྟངས་དེ་འདྲའི་འོག་ཏུ་ཡང་དཔའ་མཛངས་ཆེན་པོས་ཉེས་ཅན་ཐེར་འདོན་བྱས་པར་བསྔགས་བརྗོད་དང་གཟེངས་བསྟོད་བྱ་དགའ་གྱ་ནོམ་པ་གནང་ངོ་།།
༨༠) བྲམ་ཟེ་དང་རྐུན་མ། གདོན་འདྲེ་གསུམ།
དུས་ཡུན་རིང་པོའི་གོང་། དབུལ་ཞིང་ཕོངས་པའི་བྲམ་ཟེ་ཞིག་ཁོ་པའི་ཁྱིམ་མི་དང་ལྷན་དུ་ཁང་པ་ཆུང་ཆུང་ཞིག་ཏུ་སྡོད་ཀྱི་ཡོད། ཁོའི་སློབ་མ་ཚོས་ཟས་གོས་ཀྱི་རོགས་རམ་བྱེད་ཀྱི་ཡོད་པར་བརྟེན། ཁོ་པས་དེ་ལྟར་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད་པ་རེད།
ཉིན་ཞིག་ལ། བྲམ་ཟེའི་ཁྱིམ་དུ་ཁོ་པའི་སློབ་མ་ཞིག་གིས་རྔན་པར་ཕུལ་བའི་བེའུ་གཉིས་འབྱོར། བེའུ་དེ་གཉིས་མཐོང་མ་ཐག་ཁོ་པ་དགའ་སྤྲོ་ཚད་མེད་སྐྱེས། ཁོ་པར་བེའུ་ཆུང་ཆུང་དེ་གཉིས་ལ་སྟེར་རྒྱུའི་གཟན་ཆས་དང་འབྲུ་རིགས་འཚོལ་བསྡུ་བྱ་རྒྱུར་དཀའ་ཁག་ཧ་ཅང་ཆེ་མོད། འོན་ཀྱང་ཁོས་ཐབས་བརྒྱ་བྱུས་སྟོང་གིས་བེའུ་དེ་གཉིས་གསོ་སྐྱོང་བྱས། ལོ་མང་པོ་འདས་རྗེས། སྔར་གྱི་བེའུ་ཆུང་ཆུང་དེ་གཉིས་ཡོངས་སུ་འཚར་ལོངས་བྱུང་།
ཉིན་ཞིག་རྐུན་མ་ཞིག་གིས་གླང་གོག་དེ་གཉིས་མཐོང་ནས་“བྲམ་ཟེ་བླུན་རྒན་དེས་གླང་རྒན་དེ་གཉིས་བེད་སྤྱོད་བྱེད་ཤེས་ཀྱི་མི་འདུག །དེ་བས་ངས་གླང་རྒན་དེ་གཉིས་བརྐུས་ནས་བཙོང་ན་སྒོར་མོ་མང་པོ་འཐོབ་ངེས།” སྙམ།
ཉིན་དེའི་དགོང་མོར། རྐུན་མ་དེ་བྲམ་ཟེའི་ཁྱིམ་དུ་འགྲོ་བཞིན་པའི་སྐབས། ལམ་བར་ནས་འཇིགས་སུ་རུང་ལ་གདུག་རྩུབ་ཆེ་བའི་གདོན་འདྲེ་ཞིག་དང་འཕྲད། གདོན་འདྲེ་དེས་རྐུན་མའི་ལམ་བཀག་ནས་“ང་ལྟོགས་བྱུང་། ངས་ཁྱོད་བཟའ་རྒྱུ་ཡིན།” ཞེས་འབྲུག་སྒྲ་ལྡིར་བ་ལྟ་བུའི་སྐད་སྒྲ་དང་བཅས་བཤད། རྐུན་མ་དེ་ཞེད་ཐག་ཆོད་ནས་འདར་སིག་སིག་བྱེད་ཀྱིན་སྐད་གདངས་དམའ་བོས་“སྒུག་གནང་དང་། སྒུག་དང་། བདག་གི་མཛའ་བརྩེ་ལྡན་པའི་གྲོགས་པོ་ལགས། བདག་ནི་རྐུན་མ་ཞིག་ཡིན་པས་ངའི་ཤ་ཟོས་ན་ཆོ་ཡོད་མ་རེད། ང་ད་ལྟ་བྲམ་ཟེའི་ཁྱིམ་དུ་གླང་གོག་བརྐུ་རུ་འགྲོ་བཞིན་ཡོད། ཁྱོད་ཀྱིས་ངའི་ཚབ་ལ་བྲམ་ཟེ་དེ་བཟའ་ཆོག །ཁོའི་ཤ་ངའི་ཤ་ལས་ཞིམ་པའི་ཐོག །ཁོ་བྲམ་ཞིག་ཟེ་ཡིན་པས་ཁོའི་ཤ་ཟོས་ན་ཁྱེད་ཀྱི་བསོད་ནམས་འཕེལ་རྒྱུ་རེད།”ཅེས་བཤད།
གདོན་འདྲེ་དེ་རྐུན་མས་བཤད་པར་འཐད་དེ། ཁོ་གཉིས་མཉམ་དུ་བྲམ་ཟེའི་ཁྱིམ་དུ་བསྐྱོད། བྲམ་ཟེའི་ཁྱིམ་དུ་སླེབས་རྗེས་རྐུན་མས་གདོན་འདྲེར་“དང་པོ་ངས་གླང་གོག་དེ་གཉིས་འཁྲིད་ནས་ཕྱི་རུ་འགྲོ་རྒྱུ་ཡིན། དེ་རྗེས་ཁྱོད་ཀྱིས་ལྷོད་ལྷོད་བྱས་ནས་བྲམ་ཟེ་དེ་བཟའ་ཆོག” ཅེས་བཤད།
“མིན། དང་པོ་ངས་བྲས་ཟེ་བཟའ་དགོས། ང་ཧ་ཅང་ལྟོགས་བྱུང་།” གདོན་འདྲེ་དེས་ངར་སྐད་བསྒྲགས། དེ་ནས་ཁོ་གཉིས་ཁ་རྩོད་བྱེད་འགོ་བརྩམས།
ཁོ་གཉིས་ཀྱི་འུར་སྒྲས་བྲམ་ཟེ་གཉིད་ལས་དཀྲོགས། གདོན་འདྲེ་མཐོང་བ་དང་བྲམ་ཟེས་ངག་ནས་སྔགས་འགའ་ཞིག་འདོན་འགོ་བརྩམས། གདོན་འདྲེ་དེ་ལམ་སེང་“ཨ་་་་། ཨ་་་་་་།” ཞེས་སྐད་ངན་ཤོར་ནས་གར་སོང་ཆ་མེད་དུ་གྱུར།
དེ་ནས་བྲམ་ཟེ་ལག་གཡོན་གྱིས་རྐུན་མ་དེ་བཟུང་། གཡས་སུ་དབྱུག་པ་ཞིག་འཁྱེར་ནས་“ཁྱོད་ཀྱིས་ངའི་གླང་གོག་རྐུ་རྩིས་བྱས་པ་ཡིན་ནམ་་་་་། ཡིན་ནམ།” ཟེར་བཞིན་དབྱུག་པས་རྐུན་མ་དེར་བརྡུངས། རྐུན་མ་དེ་སྐྲག་ཐག་ཆོད་ནས་“དགོངས་དག །ང་མིན་གདོན་འདྲེ་ཁོ་རེད།” ཅེས་ངག་ནས་ཤོར། བྲམ་ཟེས་རྐུན་མ་དེ་གློད་རྗེས་“སྐྱག་ལྐུགས་ཁྱོད་གཉིས་འདྲ་བས་ང་ལ་གནོད་བསྐྱལ་ཐུབ་རྒྱུ་ཨེ།རྨི་ལམ་རང་རེད།” ཅེས་གཤེ་གཤེ་བཏང་།
དེ་ལྟར་བྲམ་ཟེས་གདོན་འདྲེའི་ལག་ནས་རང་ཉིད་བསྐྱབས་ཤིང་། རྐུན་མའི་ལག་ནས་གླང་གོག་གཉིས་བསྐྱབས་ཐུབ་པ་བྱུང་ངོ་།།
Comments