སྒྲུང་ཐུང་བོད་སྒྱུར་མ། (༦༡ - ༦༥)
༦༡) འཛམ་གླིང་གི་ངོ་མཚར་ཅན་བདུན།
མཚོ་མོ་ནི་ལོ་ ༩ ཡིན་ཞིང་གྲོང་གསེབ་ཆུང་ཆུང་ཞིག་ནས་རེད། ཁོ་མོས་འཛིན་རིམ་དང་པོ་ནས་ལྔ་པ་བར་གྲོང་གསེབ་ཀྱི་སློབ་ཆུང་ནས་སློབ་སྦྱོང་བྱས་ཤིང་། ལོ་རིམ་དྲུག་པ་ནས་ཉེ་འདབས་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ལ་ཞུགས་དགོས། གྲོང་ཁྱེར་སློབ་གྲྭ་སྙན་གྲགས་ཆེན་པོ་ཞིག་ནས་ཁོ་མོའི་སློབ་འཇུག་དང་ལེན་བྱས་པ་ཤེས་རྗེས་མོ་དགའ་སྤྲོ་ཆེན་པོ་སྐྱེས་པ་རེད། དེ་རིང་མོ་རང་གྲོང་ཁྱེར་སློབ་གྲྭར་འགྲོ་བའི་ཉིན་དང་པོ་ཡིན་པས། སྤྱི་སྤྱོད་རླངས་འཁོར་ལ་སྒུག་བཞིན་བསྡད། སྤྱི་སྤྱོད་རླངས་འཁོར་སླེབས་མ་ཐག་དེའི་ནང་འཛུལ་ཞིང་། སྤྲོ་སེམས་འཁོལ་བའི་ངང་སློབ་གྲྭར་བསྐྱོད།
སྤྱི་སྤྱོད་རླངས་འཁོར་སློབ་གྲྭའི་སྒོར་འབྱོར་མ་ཐག་སློབ་གྲོགས་ཚང་མ་རང་རང་གི་འཛིན་གྲྭར་སྐྱོད་འགོ་བརྩམས། མཚོ་མོས་སློབ་གྲོགས་འགའ་ཞིག་ལ་ཁ་ཕྱོགས་དྲིས་ཏེ་འཛིན་གྲྭར་སོང་། འཛིན་གྲོགས་ཚོས་མཚོ་མོའི་གྱོན་གོས་མཐོང་རྗེས་མོ་རང་གྲོང་གསེབ་ཆུང་ཆུང་ཞིག་ནས་ཡོང་པ་ཤེས་ནས་མཐོང་ཆུང་བྱེད་སྒོ་བརྩམས། ཅུང་མ་འགོར་བར་དགེ་རྒན་ཐོན། དགེ་རྒན་དེས་སློབ་ཕྲུག་ཚང་མ་ཁ་རོག་རང་རང་གི་སྒྲོག་རྩེའི་ཐོག་སྡོད་དུ་བཅུག་ཅིང་། འཛིན་གྲྭར་མཚོ་མོ་ངོ་སྤྲོད་བྱས་པ་དང་ལྷན། ད་ནས་མོ་རང་ཁོ་ཚོ་དང་ལྷན་སློབ་སྦྱོངབྱ་རྒྱུ་ཡིན་ཚུལ་སྨྲས།
དགེ་རྒན་མ་དེས་སློབ་ཕྲུག་ཚོར་ “དེ་རིང་གློ་བུར་གྱི་ཡིག་ཚད་ཅིག་གཏོང་རྒྱུ་ཡིན་པས་གྲ་སྒྲིག་བྱོས་ཤིག” ཅེས་སྨྲས་པ་དང་། ཚང་མར་ལན་ཤོག་སྤྲད་དེ་ནང་འཛམ་གླིང་གི་ངོ་མཚར་ཅན་བདུན་པོ་འབྲི་རུ་བཅུག །སློབ་མ་གཞན་ཚང་མས་མགྱོགས་མྱུར་འབྲི་འགོ་བརྩམས་མོད། མཚོ་མོ་ཡིས་དལ་མོས་བསམ་བློ་གཏོང་བཞིན་ལན་འདེབས་བྱེད་འགོ་བརྩམས།
སློབ་མ་གཞན་ཚང་མས་ལན་ཤོག་ཕུལ་ཟིན་རྗེས། དགེ་རྒན་དེ་མཚོ་མོའི་འགྲམ་དུ་ཡོང་ནས། “སྙིང་ཉེ་མ། གང་བྱས་སོང་ངམ། སེམས་བདེ་པོའི་ངང་རང་གིས་གང་ཤེས་པ་དག་བྲིས་ཤིག །ཁོ་ཚོས་དེ་ཚོའི་སྐོར་ཉེ་ཆར་སྦྱངས་ཚར་ཙམ་རེད།” ཅེས་སྨྲས།
མཚོ་མོས། “རྒན་ལགས། ངས་གནད་དོན་མང་པོ་ཡོད་པ་དག་ལས། གང་བདུན་གྱི་སྐོར་ལ་བྲི་དགོས་མིན་བསམ་བློ་གཏོང་བཞིན་ཡོད།” ཅེས་ཞུས། དེ་ནས་མོས་ལན་ཤོག་དགེ་རྒན་གྱི་ཕྱག་ཏུ་ཕུལ། དགེ་རྒན་གྱིས་སློབ་མ་ཚོའི་དྲིས་ལན་ལ་རེ་རེ་བཞིན་བལྟས། ཕལ་ཆེ་བས་ལན་ཡང་དག་པ་བཏབ་ཡོད། དེ་ཡང་བོད་ཀྱི་པོ་ཏ་ལ་དང་། རྒྱ་ནག་ལྕགས་རི། རྒྱ་གར་ཏཱ་ཇ་མ་ཧལ། གི་ཛ་ཡི་གྲགས་ཅན་དེའུ་བང་སོ། པི་ས་ཡི་སློབ་གཉེར་ལྕོག་མཁར། བེ་བི་ལོན་གྱི་གནམ་བཏགས་ལྡུམ་ར་སོགས་སོ།
སློབ་མ་ཚོས་གང་བསླབས་པ་ཚང་མ་ངེས་ཡོད་པ་རྟོགས་རྗེས་དགེ་རྒན་དེ་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། དེ་ནས་མོས་མཚོ་མོའི་ལན་ཤོག་ཀློག་འགོ་བརྩམས།
མཚོ་མོའི་ལན་ཤོག་ནང་། “ངོ་མཚར་ཅན་བདུན་ནི། མཐོང་ཐུབ་པ་དང་། ཐོས་ཐུབ་པ། ཚོར་ཐུབ་པ། དགོད་ཐུབ་པ། བསམ་ཐུབ་པ། བྱམས་པ། བརྩེ་བ་བཅས་སོ།” ཞེས་བྲིས་ཡོད། དེ་མཐོང་མ་ཐག་དགེ་རྒན་དེ་ཧང་སང་སྟེ་ས་གནས་གཅིག་ཏུ་འགུལ་སྐྱོད་མེད་པར་ལུས་ཤིང་། འཛིན་གྲྭ་ཡོངས་ཅི་ཡང་སྨྲ་མི་ནུས་པར་གྱུར། མདོར་ན་དེ་རིང་གྲོང་གསེབ་ནས་སླེབས་པའི་བུ་མོ་ཆུང་ཆུང་ཞིག་གིས་དལ་འབྱོར་མི་ལུས་རིན་ཆེན་གྱིས་ང་ཚོར་བྱིན་པའི་ལག་རྟགས་གལ་ཆེན་དག་དྲན་སྐུལ་བྱས་པ་རེད། དེ་དག་ནི་དོན་དངོས་ཀྱི་ངོ་མཚར་ཅན་བདུན་ནོ།།
༦༢) ཞེ་སྡང་གི་ཁུར་པོ།
བུ་གསོ་ཁང་གི་དགེ་རྒན་ཞིག་གིས་རང་ཉིད་ཀྱི་འཛིན་གྲྭར་རྩེད་མོ་ཞིག་རྩེ་རུ་འཇུག་རྒྱུ་ཐག་བཅད། མོས་འཛིན་གྲྭའི་སློབ་མ་ཚོར་རང་རང་གི་ཁྱིམ་ནས་ཞོག་ཁོག་བླུགས་པའི་འགྱིག་ཕད་རེ་འཁྱེར་ཡོང་དགོས་པ་དང་། དེའི་ནང་བླུགས་པའི་ཞོག་ཁོག་རེ་རེས་བྱིས་པ་སོ་སོས་ཞེ་སྡང་སྐྱེ་སའི་མི་རེ་རེ་མཚོན་དགོས་ཚུལ་སྨྲས། དེར་བརྟེན་བྱིས་པ་རེ་རེའི་ཞོག་ཁོག་གི་ཁ་གྲངས་ནི་ཁོ་ཚོས་སྡང་སའི་མིའི་ཁ་གྲངས་ལ་རག་ལས་ཡོད།
ཕྱི་ཉིན་བྱིས་པ་ཚོ་འཛིན་གྲྭར་ཡོང་སྐབས། ཚང་མས་རང་ཉིད་ཀྱིས་འཁོན་འཛིན་ཆེན་པོ་བྱ་སའི་མི་རྣམས་ཀྱི་མིང་བྲིས་པའི་ཞོག་ཁོག་ཁྱེར་འོང་པ་རེད། སྐབས་དེར་འགའ་ཡིས་ཞོག་ཁོག་གཉིས་དང་། ལ་ལས་གསུམ། ཁ་ཤས་ཀྱིས་ལྔ་སོགས་ཁྱེར་ཡོད། དེ་ནས་དགེ་རྒན་གྱིས་བྱིས་པ་ཚོར། “ཁྱེད་ཚོས་ཞོག་ཁོག་བླུགས་པའི་ཁུག་མ་དེ་བདུན་ཕྲག་གཅིག་རིང་གང་དུ་སོང་ནའང་འཁྱེར་ནས་འགྲོ་དགོས།” ཞེས་བཤད་པ་རེད། ཉིན་མོ་གཅིག་སོང་། གཉིས་སོང་། བྱིས་པ་ཚོས་ཞོག་ཁོག་ལ་རུལ་དྲི་ཁ་གི་འདུག་ཅེས་དགེ་རྒན་ལ་རྙོག་ཁྲ་བཤད་པ་དང་། ཞོག་ཁོག་ལྔ་འཁྱེར་བའི་བྱིས་པ་ཚོས་ཁུག་མའི་ལྗིད་ཚད་ཀྱིས་དཀའ་ངལ་ཆེན་པོ་མྱོང་དགོས་བྱུང་ཞིང་། གཟའ་འཁོར་གཅིག་འགོར་མཚམས་རྩེད་མོ་དེ་མཇུག་བསྒྲིལ་བས་སློབ་མ་ཚང་མར་ངལ་གསོ་ཐོབ་པ་ལྟ་བུ་བྱུང་།
དགེ་རྒན་གྱིས་སློབ་མར་“ཁྱེད་ཚོས་བདུན་ཕྲག་ཅིག་རིང་ཞོག་ཁོག་ཁྱེར་ནས་ཚོར་སྣང་ཅི་འདྲ་བྱུང་ངམ།” ཞེས་དྲིས་པ་ན། སློབ་མ་ཚང་མས་“ང་ཚོས་ལྗིད་ཚད་ཆེ་ལ་དྲི་ངན་བྲོ་བའི་ཞོག་ཁོག་ཁྱེར་ནས་དཀའ་ངལ་ཆེན་པོ་མྱངས་དགོས་བྱུང་།” ཞེས་འཁང་ར་དང་བཅས་སྐད་ཅོར་ཆེན་པོས་འུར།
དེ་ནས་དགེ་རྒན་དེས་དལ་མོས་རྩེད་མོ་དེའི་རྒྱབ་ཀྱི་གསང་བའི་དོན་སྙིང་དེ་བཤད་འགོ་བརྩམས། “དེ་ནི་ཁྱེད་ཚོས་རང་ཉིད་ཀྱི་སེམས་ནང་མི་ཞིག་ལ་སྡང་སེམས་འཛིན་པ་དང་གཅིག་པ་རེད། ཞེ་སྡང་གི་དྲི་ངན་གྱིས་ཁྱེད་ཚོའི་སེམས་ལ་སྦགས་བཙོག་བཟོ་གི་ཡོད་ཀྱང་། ཁྱོད་ཚོས་དེ་རང་ཉིད་གང་དུ་སོང་ནའང་འཁྱེར་ནས་འགྲོ་གི་ཡོད། ཁྱེད་ཚོས་ཞོག་ཁོག་རུལ་པའི་དྲི་ངན་ལ་བདུན་གཅིག་རིང་ཡང་བཟོད་སྒོམ་མ་ཐུབ་ན། མི་ཚེ་གང་པོར་སེམས་སུ་ཞེ་སྡང་གི་དྲི་ངན་འཁྱེར་ནས་འགྲོ་བ་དེ་ཅི་འདྲ་ཞིག་རེད། ཁྱེད་ཚོས་དེའི་ཐོག་ད་བར་ཐོག་བསམ་བློ་བཏང་ཨེ་མྱོང་།” ཞེས་སྨྲས་སོ།།
༦༣) གནག་སེམས་ཅན་གྱི་སྐྲ་བཞར་བ།
ཚང་མས་ཤེས་གསལ་ལྟར། བྷིར་བར་ནི་ཨག་བྷར་གྱི་ཆེས་དགའ་ཤོས་བྱ་སའི་བློན་པོ་ཞིག་ཡིན་པ་མ་ཟད། མི་སེར་ཕལ་ཆེ་བས་དགའ་གུས་བྱ་སའི་བློན་པོ་ཞིག་རེད། ཁོང་གི་ཤེས་རབ་དང་སྤྱང་གྲུང་ལ་བརྟེན་ནས་སྔོན་ཆད་མི་རྣམས་ཀྱིས་ས་ཐག་རིང་པོ་ནས་ཁོའི་སར་རང་རང་སོ་སོའི་སྒེར་དོན་ཆེད་དུ་ཡང་བསླབ་བྱ་ལེན་དུ་ཡོང་གི་ཡོད། འོན་ཀྱང་། བློན་ཆེན་ཁག་ཅིག་ཉིན་རེ་བཞིན་འབར་བཞིན་པའི་ཁོ་པའི་སྙན་གྲགས་ལ་ཕྲག་དོག་གིས་ཁོ་ལ་རྩ་བ་ནས་མི་དགའ་བར་གྱུར། ཁོ་ཚོས་ཕྱི་ཕྱོགས་སུ་ཁོ་པར་ཡི་རང་དང་བསྟོད་བསྔགས་བྱས་མོད། ནང་ཁུལ་དུ་ཁོ་པ་གསོད་རྒྱུའི་ལྐོག་གཡོ་ངན་བྱུས་བཤམས་པ་རེད།
ཉིན་ཞིག་ཁོ་ཚོ་འཆར་གཞི་ཞིག་དང་ལྷན་རྒྱལ་པོའི་དབུ་སྐྲ་བཞར་མཁན་གྱི་སར་བསྐྱོད། སྐྲ་བཞར་བ་དེ་རྒྱལ་པོ་དང་བློ་ཐག་ཉེ་ཤོས་ཡིན་གཤིས། ཁོ་ཚོས་ཁོ་པར་“ཁྱེད་ཀྱིས་ང་ཚོར་རོགས་རམ་བྱས་ནས་བྷིར་བར་མེད་པ་བཟོ་རོགས། ང་ཚོ་ཁོ་པ་ལས་གཏན་དུ་ཐར་འཇུག་རོགས། ང་ཚོས་ཁྱེད་ལ་སྒོར་མོ་འབོར་ཆེན་སྤྲད་ཆོག” ཅེས་བཤད་པ་ན། སྐྲ་བཞར་བ་ངན་པ་དེ་དགའ་ཐག་ཆོད་ནས་ཁས་བླངས།
ཐེངས་རྗེས་མར་རྒྱལ་པོས་ཁོ་པ་ཞབས་ཞུའི་ཆེད་འབོད་སྐབས། སྐྲ་བཞར་བ་དེས་སྔོན་ཆད་ཁོ་པས་ཞབས་ཞུ་བསྒྲུབས་མྱོང་བའི་རྒྱལ་པོའི་ཡབ་ཆེན་གྱི་སྐོར་གླེང་མོལ་བྱས་ཞིང་། རྒྱལ་པོའི་ཡབ་ཀྱི་སྣུམ་ཞིང་འཇམ་པའི་སྐྲ་ལོར་བསྟོད་གླུ་ལེན་འགོ་བརྩམས། ཅུང་ཟད་འགོར་རྗེས་ཁོ་པས་བསམ་བློ་ཞིག་བཏང་སྟེ་རྒྱལ་པོར། “རྒྱལ་པོ་ལགས། ཁྱེད་རང་ད་ཆ་མངའ་ཐང་དར་རྒྱས་དང་། རྒྱུ་ནོར་འདི་འདྲ་ལོངས་སུ་སྤྱོད་བཞིན་པའི་གནས་སྐབས་སུ་མེས་པོ་ཚོར་ཅི་ཞིག་བསྒྲུབ་རྩིས་ཡོད་དམ།” དྲིས་བཀའ་འདྲི་ཞུས།
རྒྱལ་པོ་གླེན་རྟགས་ཚ་བའི་སྐད་ཆ་དེར་ཁོང་ཁྲོ་རབ་ཏུ་འབར་ནས་སྐྲ་བཞར་མཁན་དེར་སྐད་གསང་མཐོ་པོས་“ཁོང་ཚོ་འདས་ཟིན་པས་ངོས་ནས་ཕན་ཐོགས་པའི་བྱ་བ་ཅི་ཡང་བསྒྲུབ་མི་ཐུབ།” ཅེས་སྨྲས། སྐྲ་བཞར་བས་“ རྒྱལ་པོ་ལགས། ཁྱེད་ཀྱིས་གནང་འདོད་ཡོད་ཚེ་གུས་པས་སྒྱུ་མ་མཁན་ཞིག་ངོ་ཤེས། ཁོ་པས་རོགས་རམ་བྱ་ཐུབ། སྒྱུ་མ་མཁན་གྱིས་མི་ཞིག་ལྷ་ཡུལ་དུ་རྒྱལ་པོ་མཆོག་གི་ཡབ་ཆེན་གྱི་བདེ་སྡུག་བཀའ་འདྲི་ཞུ་རུ་མངག་ཐུབ་ཀྱི་རེད། འོན་ཀྱང་མི་དེ་ངེས་པར་དུ་གཟབ་ནན་གྱིས་གདམ་གནང་དགོས། མི་དེ་ངེས་པར་བློ་གྲོས་དང་ལྡན་ཞིང་སྒྱུ་མ་མཁན་གྱི་མཛུབ་སྟོན་ལ་བརྩི་སྲུང་དང་། གནད་དོན་གང་ལའང་ལམ་སེང་ཐག་གཅོད་ཐུབ་མཁན་ཞིག་དགོས། ཁོ་སྤྱང་གྲུང་ལྡན་པ་དང་། བློ་གྲོས་ཅན་དང་། འགན་འཁུར་ཅན་བཅས་ཡིན་དགོས།” ཞེས་ཞུས་རྗེས། བསམ་བློ་ཅུང་གཏོང་ཁུལ་གྱིས་“ངའི་བསམ་པར་བློན་འཁོར་ཡོངས་རྫོགས་ཀྱི་དབུས་ནས་སྤྱང་གྲུང་ལྡན་ཤོས་བྷིར་བར་ལགས་རེད། ཁོང་བཏང་ན།” ཞེས་གྲོས་འགོ་བཏོན།
རྒྱལ་པོས་ཡབ་ཆེན་འདས་པོའི་གནས་ཚུལ་ཐོས་རྒྱུར་བྲེལ་བ་ལངས་ཏེ། སྐྲ་བཞར་མཁན་ལ་དེ་ལྟར་མྱུར་དུ་བཀོད་སྒྲིག་བྱ་རྒྱུར་མངགས་ཤིང་། རྒྱལ་པོས་སྐྲ་བཞར་བར་ཅི་ཞིག་སྒྲུབ་དགོས་ཚུལ་དྲིས་པ་ན། སྐྲ་བཞར་མཁན་གྱིས་“ཐོག་མར་བྷིར་བར་དུར་སར་འཁྲིད་དགོས། དེ་ནས་དུར་ཤིང་ཐོག་ཏུ་སྡོད་དུ་བཅུག་ནས་མེ་སྦར་དགོས། བྷིར་བར་དུ་བ་བརྒྱུད་ནས་ལྷ་ཡུལ་ལ་བསྐྱོད་ཐུབ་རྒྱུ་རེད། སྐབས་དེར་སྒྱུ་མ་མཁན་གྱིས་སྔགས་འདོན་གྱི་རེད། དེས་བྷིར་བར་མེའི་གནོད་འཚེ་ལས་སྐྱོབ་ཐུབ། འོན་ཀྱང་འཆར་གཞི་འདི་རྒྱལ་པོ་མཆོག་ཁོ་ནས་བྷིར་བར་ལ་གསུང་གནང་དགོས།” ཞེས་ཞུས།
རྒྱལ་པོས་དགའ་སྤྲོའི་ངང་གནད་དོན་དེ་བྷིར་བར་ལ་གསུངས། བྷིར་བར་གྱིས་འཆར་སྣང་དེ་ལེགས་པོ་ཡོད་ཚུལ་དང་། དེའི་རྒྱབ་ཀྱི་ཀླད་པ་དེ་སུའི་ཡིན་ཤེས་འདོད་ཡོད་ཚུལ་ཞུས། སྐྲ་བཞར་བའི་བསམ་ཚུལ་ཡིན་པ་ཤེས་རྗེས་ཁོ་པས་རྒྱལ་པོར། “ རྒྱལ་པོ་རིན་པོ་ཆེ། འཆར་གཞི་དེ་ཧ་ཅང་ལེགས་པོ་འདུག །ཁྱེད་ཀྱིས་ཆ་རྐྱེན་གཉིས་ཞལ་བཞེས་གནང་ན་གུས་པ་ལྷ་ཡུལ་དུ་ཕྱིན་ཆོག” ཅེས་ཞུས། ཆ་རྐྱེན་གཅིག་ནི་འགྲུལ་བཞུད་རིང་པོའི་འགྲོ་གྲོན་དངུལ་སྒོར་འབོར་ཆེན་དགོས་པ་དང་། གཅིག་ནི་ཁོ་པ་མེད་པའི་རིང་ནང་མིར་དཀའ་ངལ་མི་ཡོང་བའི་དོན་དུ་ནང་མིའི་གནད་དོན་ཐག་གཅོད་ཆེད་དུས་ཡུན་ཟླ་གཅིག་དགོས་ཚུལ་ཞུས་པར། རྒྱལ་པོས་ཆ་རྐྱེན་དེ་གཉིས་ཀ་ཁས་ལེན་གནང་། ཟླ་ངོ་གཅིག་གི་རིང་ཁོ་པས་ཡིད་རྟོན་རུང་བའི་སྐྱེས་པ་འགའ་བོས་ནས་དུར་ས་ནས་ཁོ་པའི་ཁྱིམ་བར་ཕུག་ལམ་ཞིག་བཟོས།
ལྷ་ཡུལ་དུ་གཏོང་བའི་དགོང་མོ། དུར་ཤིང་གི་མཐའ་ནས་མེ་སྦར་མ་ཐག་བྷིར་བར་དབུས་ཀྱི་ཕུག་ལམ་གྱི་སྒོ་ལ་འཛུལ་ནས་བྲོས་སོང་། དེ་ནས་ཁོ་པས་རང་ཁྱིམ་དུ་ཟླ་བ་ཁ་ཤས་ཡིབ་ནས་བསྡད་པ་ན་ཁོའི་སྐྲ་དང་ཁ་སྤུ་ཡང་རིང་པོ་སྐྱེས་པ་རེད།
དུས་ཡུན་དེའི་རིང་ཁོའི་དགྲ་བོ་ཚོས་མེ་མཆོད་ཀྱི་ཉིན་མོ་ནི་བྷིར་བར་མཐོང་བ་མཐའ་མ་དེ་ཡིན་སྙམ་ནས་དགའ་བ་ཚད་མེད་སྐྱེ་བཞིན་ཡོད། ཟླ་ངོ་མང་པོ་ཕྱིན་རྗེས་ཀྱི་ཉིན་ཞིག །བྷིར་བར་གྱིས་རྒྱལ་པོའི་ཡབ་ཆེན་གྱི་གནས་ཚུལ་ཁྱེར་ནས་ཕོ་བྲང་དུ་ལོག་པ་རེད། རྒྱལ་པོ་ཁོ་མཐོང་བ་དང་དགའ་སྤྲོ་ཚད་མེད་སྐྱེས་ནས་གནད་དོན་མང་པོ་ཞིག་དྲིས། བྷིར་བར་གྱིས་རྒྱལ་པོར། “རྒྱལ་པོ་རིན་པོ་ཆེ། ཡབ་ཆེན་མཆོག་སྐུ་ཁམས་བདེ་ཐང་རེད་ལ། དགོས་མཁོ་ཡང་གཅིག་མ་གཏོགས་ཚང་མ་ཚང་འདུག་པས་ཐུགས་ཁྲལ་དགོས་ཀྱི་མི་འདུག” ཅེས་ཞུས།
རྒྱལ་པོས་ཡབ་ལ་ཅི་ཞིག་མེད་པ་དེ་ཤེས་འདོད་ཆེན་པོ་བྱུང་། རྒྱུ་མཚན་ནི་རྒྱལ་པོའི་སེམས་སུ་ད་ནི་ཁོ་པས་རང་ཉིད་ཀྱི་མི་དང་དངོས་པོ་ལྷ་ཡུལ་དུ་མངག་པའི་ཐབས་ཤེས་རྙེད་སོང་སྙམ་པའི་རྐྱེན་གྱིས་རེད། བྷིར་བར་གྱིས་“ལྷ་ཡུལ་ལ་སྐྲ་བཞར་མཁན་མི་འདུག །དེའི་རྐྱེན་གྱིས་གུས་པའི་སྐྲ་དང་ཨག་ཚོམ་ཡང་འདི་འདྲར་གྱུར་སོང་། རྒྱལ་པོའི་ཡབ་ཀྱིས་སྐྲ་བཞར་མཁན་བཟང་པོ་ཞིག་མངག་རོགས་གསུང་གི་འདུག” ཅེས་ཞུས།
དེ་ནས་རྒྱལ་པོས་རང་ཉིད་ཀྱི་སྐྲ་བཞར་བ་ལྷ་ཡུལ་དུ་ཡབ་ཆེན་ལ་ཞབས་ཞུ་བསྒྲུབ་ཏུ་གཏོང་རྒྱུ་ཐག་བཅད་དེ། སྐྲ་བཞར་མཁན་དང་སྒྱུ་མ་མཁན་གཉིས་བོས། དུར་སར་སོང་སྟེ་སྐྲ་བཞར་བ་ལྷ་ཡུལ་དུ་གཏོང་རྒྱུ་གྲ་སྒྲིག་བྱས། སྐྲ་བཞར་མཁན་དེ་རང་ཉིད་གཡོ་འོག་ཏུ་རང་ཉིད་ཚུད་པ་ཤེས་ན་ཡང་དག་འབུད་བྱ་མ་ཐུབ་པར་ལུས། དུར་ཤིང་ལ་མེ་སྦར་བ་ན་ཁོ་པ་དངོས་གནས་ཕྱི་མའི་ལམ་དུ་ཕྱིན་པ་རེད།
དུས་དེ་ནས་བྷིར་བར་ལ་ལྐོག་གཡོ་ངན་བྱུས་བཤམ་ཕོད་མཁན་གཅིག་ཀྱང་མ་བྱུང་ངོ་།།
༦༤) གླང་ཆེན་དཀར་པོ།
སྔོན་དུས་ཤིག །རྔམ་བརྗིད་ལྡན་པའི་རི་བོ་ཧི་མ་ལ་ཡའི་འདབ་རོལ་ན་གླང་ཆེན་བརྒྱད་ཁྲིའི་ཁྱུ་ཆེན་ཞིག་འཚོ་སྡོད་བྱེད་བཞིན་ཡོད། དེ་དག་གི་དེད་དཔོན་ནི་བརྗིད་ཉམས་ཆེ་ཞིང་མཐོང་དཀོན་པའི་གླང་ཆེན་དཀར་པོ་ཞིག་རེད། ཁོ་པ་ཧ་ཅང་བྱམས་བརྩེ་དང་ལྡན་པ་ཞིག་རེད། ཁོ་པས་རང་ཉིད་ཀྱི་ཨ་མར་བྱམས་སྐྱོང་ཆེན་པོ་བྱེད་ཀྱི་ཡོད། ཨ་མ་དེ་ནི་ཆུང་དུས་ནས་མིག་ཞར་ཞིང་། གཅིག་པུར་འཚོ་བ་སྐྱེལ་མི་ཐུབ་མཁན་ཞིག་རེད།
གླང་ཆེན་དཀར་པོ་དེ་ཉིན་ལྟར་ནགས་སུ་ལྟོ་འཚོལ་དུ་སྐྱོད་ཀྱི་ཡོད་ཅིང་། ཤིང་ཏོག་ཆེས་བཟང་ཤོས་དག་ཨ་མར་བསྐྱལ་བར་མངག་གི་ཡོད། འོན་ཀྱང་། ཁོའི་ཨ་མར་དེ་དག་གཏན་ནས་འབྱོར་གྱི་མེད། རྒྱུ་མཚན་ནི་ཁོའི་བང་ཆེན་གྱིས་ལམ་བར་ནས་ཚང་མ་ཟ་གི་ཡོད་པའི་རྐྱེན་གྱིས་རེད། དགོང་ལྟར་ཁོ་པ་ནང་དུ་ལོག་ཡོང་སྐབས་ཨ་མ་ཉིན་གང་ལྟོགས་སྐོམ་གྱིས་མནར་ནས་བསྡད་པ་ཐོས་རྗེས་ཧང་སང་བར་གྱུར་གྱི་ཡོད། དེ་ནས་རིམ་པས་ཁོ་པ་ཁྱུ་ཚོགས་ལ་ཞེན་པ་ལོག་པ་རེད།
ཉིན་ཞིག་ཁོ་པས་ཁྱུ་ཚོགས་བཞག་ནས་འགྲོ་རྒྱུ་ཐག་བཅད་དེ། ནམ་གུང་བརྩེ་བའི་ཨ་མ་ཁྲིད་ནས་ཐོན་ཕྱིན། ཁོ་དང་ཨ་མ་རི་བོ་ཁན་དོ་ར་ན་ཞེས་པར་ཕྱིན་ཏེ་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་པད་མས་ཁེངས་པའི་མཚེའུ་ཞིག་གི་འགྲམ་དུ་བྲག་ཕུག་ཅིག་ཡོད་པ་དེའི་ནང་སྡོད་འགོ་བརྩམས།
ཉིན་ཞིག་གནད་དོན་ཞིག་བྱུང་བ་རེད། དེ་ཡང་གླང་ཆེན་དེ་ཨ་མར་ལྟོ་ཟན་སྟེར་བཞིན་པའི་སྐབས་ཕྱི་ཕྱོགས་ནས་སྐད་སྒྲ་ཆེན་པོ་ཞིག་གྲགས་པ་ཐོས། གླང་ཆེན་དེ་ཕྱི་ལ་ཕྱིན་ནས་བལྟས་པ་ན། ཝ་ར་ཎཱ་སི་ནས་ཡིན་པའི་ནགས་ཚལ་ལྟ་རྟོག་པ་ཞིག་ལམ་ནོར་ཐེབས་ཏེ་དེར་སླེབས་ཡོད་ཅིང་། དངངས་སྐྲག་ཆེན་པོ་སྐྱེས་ཡོད་པ་རེད། ཁོ་ས་ཆ་དེར་གཉེན་ཉེ་ཐུག་འཕྲད་དུ་སླེབས་ཀྱང་འགྲོ་ལམ་མ་རྙེད་པར་ལུས་ཡོད།
གླང་ཆེན་དཀར་པོ་མཐོང་མ་ཐག་ཁོ་དེ་བས་དངངས་སྐྲག་སྐྱེས་ནས་གང་མགྱོགས་ཅི་མགྱོགས་ཀྱིས་བྲོས། གླང་ཆེན་གྱིས་ཁོའི་རྗེས་སུ་སྙེག་བཞིན། “ཝ་ཡེ། སྐྲག་མི་དགོས། སྐྲག་མི་དགོས།” ཞེས་བོས། རྒྱུ་མཚན་ནི་གླང་ཆེན་གྱིས་མི་དེར་རོགས་རམ་བྱ་འདོད་པས་རེད། མི་དེས་བྲོས་མཚམས་བཞག་ནས་གླང་ཆེན་ལ་ཁ་ཕྱོགས་རྗེས། གླང་ཆེན་གྱིས་“ཁྱོད་ནགས་ཁྲོད་དུ་ཡོང་ནས་སྡུག་བསྔལ་འདི་ལྟར་བྱེད་དོན་ཅི་ཡིན་ནམ།” ཞེས་དྲིས། མི་དེས་“འདས་པའི་ཉིན་བདུན་རིང་ནགས་ཁྲོད་ནས་ཕྱི་ལ་འཐོན་སའི་བགྲོད་ལམ་བཙལ་བ་ཡིན། ད་དུང་ཡང་རྙེད་མ་སོང་། ད་ང་འུ་ཐུག་ནས་ངུ་བཞིན་ཡོད།” ཅེས་བཤད།
གླང་ཆེན་གྱིས། “ངས་ནགས་ཚལ་འདིའི་ས་ཆ་ཁྲུ་རེ་རེ་བཞིན་ཤེས་པས། ཁྱོད་སེམས་ཁྲལ་བྱ་མི་དགོས། ངས་ཁྱོད་བདེ་འཇགས་ངང་ནགས་ཁྲོད་ལས་སྒྲོལ་ཆོག” ཅེས་བཤད་དེ། མི་དེ་རྒྱབ་ཏུ་ཁུར་ནས་ནགས་ཚལ་གྱི་མཐའ་རུ་བསྐྱལ། དེ་ནས་མི་དེ་བདེ་པོའི་ངང་ཝ་ར་ཎཱ་སིར་ཕྱིར་ལོག་གོ།
གྲོང་ཁྱེར་དུ་འབྱོར་མ་ཐག་རྒྱལ་པོ་བ་མ་དུ་དའི་གླང་ཆེན་ཤི་ཟིན་པ་དང་། རྒྱལ་པོས་གླང་ཆེན་གསར་པ་ཞིག་འཚོལ་བཞིན་ཡོད་པ་གོ་ཐོས་བྱུང་ཞིང་། རྒྱལ་པོའི་བློན་པོ་ཚོས་མི་སུས་རྒྱལ་པོར་ཕན་ཐོགས་པའི་གླང་ཆེན་དེ་འདྲ་མཐོང་ཡང་རྒྱལ་པོར་ཡར་ཞུ་བྱ་རུ་ཡོང་དགོས་པའི་གསལ་བསྒྲགས་བྱེད་བཞིན་ཡང་པ་མཐོང་།
ནགས་ཚལ་ལྟ་རྟོག་པ་དེ་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་འཕྲལ་དུ་རྒྱལ་པོའི་དྲུང་དུ་བཅར་ནས་རི་བོ་ཁན་དོ་རའི་སྟེང་ནས་མཐོང་བའི་གླང་ཆེན་དཀར་པོ་དེའི་སྐོར་ཞུས། ཁོ་པས་རྒྱལ་པོར་“གུས་པས་ལམ་དུ་རྟགས་བརྒྱབ་ནས་བཞག་ཡོད། གལ་ཏེ་རྒྱལ་པོས་གླང་ཆེན་སྦྱོང་བརྡར་གནང་མཁན་ང་དང་ལྷན་དུ་བཏང་གནང་ན་ངོ་མཚར་ཆེ་བའི་གླང་ཆེན་དེ་འཛིན་ཐུབ།” ཅེས་ཞུས།
རྒྱལ་པོ་གནས་ཚུལ་དེ་ཐོས་པས་ཧ་ཅང་དགའ་པོ་བྱུང་སྟེ་འཕྲལ་དུ་དམག་མི་མང་པོ་ཞིག་གླང་ཆེན་སྦྱོང་བརྡར་སྤྲོད་མཁན་དང་། ནགས་ཚལ་ལྟ་རྟོག་པ་ལྷན་དུ་མངགས། ཉིན་མང་པོ་འགྲུལ་བཞུད་བྱས་རྗེས། ཁོ་ཚོ་གླང་ཆེན་སྡོད་སའི་མཚེའུ་དེའི་འགྲམ་དུ་བསླེབས་པ་དང་། དལ་མོར་མཚེའུའི་འགྲམ་དུ་བསྐྱོད་དེ་རྩ་ཤིང་ཕུང་པོའི་གསེབ་ཏུ་ཡིབ་ནས་བསྡད། གླང་ཆེན་དཀར་པོ་དེ་ཨ་མའི་ཟས་ཀྱི་ཆེད་པད་མའི་མྱུ་གུ་འཚོལ་སྡུད་བྱེད་བཞིན་པའི་སྐབས་ཉེ་འཁོར་ན་མི་ཡོད་པ་ཚོར། གླང་པོས་མགོ་བོ་ཡར་བཀྱགས་བལྟས་པ་ན་ནགས་ཚལ་ལྟ་རྟོག་པ་དེ་མཐོང་། དེར་རྒྱལ་པོའི་དམག་མི་རྣམས་ཁོས་ཁྲིད་ནས་འོང་བ་ཤེས་ཏེ་བྱས་ཤེས་དྲིན་བཟོ་མེད་པར་ཁོང་ཁྲོ་རབ་ཏུ་འབར། འོན་ཀྱང་གླང་པོ་དེ་བྱམས་བརྩེ་ཆེ་ལ་གཞན་ལ་གནོད་འཚེ་གཏོང་བར་མི་དགའ་བས། འཁྲུག་རྩོད་བྱས་ན་མི་མང་པོ་ཞིག་གི་ཚེ་སྲོག་འཆོར་སྲིད། དེ་བས་ཁོ་ཚོ་དང་མཉམ་དུ་ཝ་ར་ཎཱ་སིར་འགྲོ་རྒྱུ་དང་། དེ་ནས་བྱམས་བརྩེ་དང་ལྡན་པའི་རྒྱལ་པོར་ཚེ་ཐར་གཏོང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཐག་བཅད།
ཉིན་དེའི་དགོང་དྲོ་གླང་ཆེན་དེ་ནང་དུ་མ་ལོག་པས། ཁོའི་ཨ་མ་སེམས་ཁྲལ་ཆེན་པོ་ལངས། ཁོ་མོས་ཕྱི་རོལ་དུ་བྱུང་བའི་གནས་ཚུལ་རྣམས་ཐོས་ཡོད་པས། རྒྱལ་པོའི་དམག་མིས་མོའི་བུ་ཁྲིད་སོང་བར་ཚོད་དཔག་བྱས་ཤིང་། རྒྱལ་པོས་མོའི་བུ་གཡུལ་སར་བཞོན་རྒྱུ་ཡིན་པས་མགྱོགས་པོ་འཆི་གི་རེད་སྙམ་ནས་དངངས་སྐྲག་ལངས་ཤིང་། ད་དུང་རང་ཉིད་ལ་ལྟ་རྟོག་བྱེད་མཁན་དང་ཐ་ན་ལྟོ་སྟེར་མཁན་ཡང་མེད་པར་གྱུར་སོང་སྙམ་ནས་སེམས་སྡུག་བྱེད་བཞིན། རང་སར་ཉལ་ནས་སྐད་ཤུགས་ཆེན་པོས་ངུ་བཞིན་བསྡད།
དུས་ཚོད་དེ་རང་ལ་མོའི་བུ་རྒྱལ་པོའི་དམག་མིས་མཛེས་སྡུག་ལྡན་པའི་ཝ་ར་ཎཱ་སི་གྲོང་ཁྱེར་དུ་ཁྲིད་ཅིང་སྣེ་ལེན་ཟབ་རྒྱས་བྱས། སྐབས་དེར་གྲོང་ཁྱེར་ཧྲིལ་པོར་མཛེས་རྒྱན་སྤྲས་ཡོད་ཅིང་། ཁོ་པ་འདུག་སའི་གླང་རར་ཡང་ཚོན་རྩི་ལེགས་པར་བཏང་ནས་དྲི་ཞིམ་མེ་ཏོག་གིས་བརྒྱན་ཡོད། ད་དུང་གླང་ཆེན་སྦྱོང་བརྡར་སྤྲོད་མཁན་དག་གིས་ཁོ་པར་གསོལ་སྟོན་བཤམས་མོད། ཁོ་པས་ཟས་ཁམ་གང་ཡང་མ་ཟོས་པ་རེད། མེ་ཏོག་དེ་དག་མཛེས་སྡུག་ལྡན་ཞིང་ཞི་བདེ་དང་བག་ཕེབས་པའི་ངང་གནས་ཡོད་ན་ཡང་། ཁོ་པའི་སེམས་ལ་གཡོ་འགུལ་རྩ་བ་ནས་མ་ཐེབས་པར་རྦད་དེ་རེ་ཐག་ཆད་པ་ལྟ་བུས་ལང་ནས་བསྡད་པ་རེད།
གླང་པོ་སྦྱོང་བརྡར་སྤྲོད་མཁན་དག་སེམས་ཁྲལ་ཆེན་པོ་སྐྱེས་ཏེ་ཐད་ཀར་རྒྱལ་པོའི་སར་བཅར་ནས་གནས་ཚུལ་རྣམས་ཞུས་ཤིང་། “གླང་ཆེན་དེར་ཟན་དང་ཆུ་སོགས་གང་སྤྲད་ཀྱང་ཆུད་ཟོས་རེད་འདུག” ཅེས་ཡར་ཞུ་བྱས། རྒྱལ་པོ་ཁོ་ཚོའི་སྐད་ཆ་ཐོས་རྗེས་བླེ་གཡེང་ཆེན་པོ་བྱུང་བས་དངོས་སུ་གླང་རར་ཕྱིན་ཏེ་གླང་པོར་ཟ་མ་སྟེར་གྱིན། “ངའི་བརྩེ་བའི་གླང་པོ་བཟང་པོ། ཁྱེད་རང་སེམས་སྡུག་བྱེད་དོན་ཅི་ཡིན་ནམ།” ཞེས་དྲིས། རྒྱལ་པོའི་སེམས་སུ་གླང་ཆེན་དེ་རྒྱལ་པོའི་གླང་ཆེན་དུ་བདམས་ཏེ། རྒྱལ་པོར་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤོབས་ཚད་མེད་སྐྱེ་ངེས་སྙམ་པ་རེད།
འོན་ཀྱང་གླང་ཆེན་དེས་“ངས་ཨ་མ་དང་མ་ཐུག་བར་ཟ་མ་བཟའ་རྒྱུ་མིན།” ཞེས་ལན་བཏབ། རྒྱལ་པོས་“ཁྱེད་ཀྱི་ཨ་མ་གང་དུ་ཡོད།” ཅེས་དྲིས་པར། གླང་པོས་“ཁོ་མོ་ཁན་དོ་ར་རི་བོའི་བྲག་ཕུག་ཏུ་ཡོད། ཁོ་མོ་ནི་མིག་ཞར་བ་དང་བགྲེས་པོ་ཡིན་ལ་ལྟ་རྟོག་བྱེད་མཁན་དང་། ལྟོ་སྟེར་མཁན་མེད་པས་ད་ལྟ་ལྟོགས་སྐོམ་གྱིས་མནར་ནས་ཡོད།” ཅེས་ཞུས་ཤིང་། ཨ་མ་ཤི་འགྲོ་གི་རེད་སྙམ་ནས་སེམས་ཁུར་ཆེན་པོ་བྱས།
བྱམས་སེམས་ཆེ་བའི་རྒྱལ་པོ་དེ་གླང་ཆེན་གྱི་གཏམ་རྒྱུད་ཀྱིས་སེམས་འགུལ་ཆེན་པོ་ཐེབས་ཏེ། “ཁྱེད་རང་ཕྱིར་ལོག་ནས་སྔར་བཞིན་ཨ་མར་ལྟ་རྟོག་ལེགས་པོ་བྱོས།” ཅེས་སྨྲས་ནས། བྱམས་དང་བརྩེ་བའི་ངང་གླང་ཆེན་དེ་གློད་ནས་ཨ་མའི་སར་བཏང་། གླང་པོ་དེ་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་གང་མགྱོགས་ཅི་མགྱོགས་ཀྱིས་ཕྱིར་ལོག །ཁོའི་ཨ་མ་ད་དུང་གསོན་པོ་གནས་ཡོད་པ་མཐོང་རྗེས་སེམས་ལ་བདེ་སྐྱིད་དེ་བས་ཆེ་བ་ཐོབ། ཁོ་པས་རང་གི་སྣ་ཡིས་ཆུ་གང་བཅུས་ནས་རང་ཉིད་ཀྱི་ཨ་མ་ནད་པའི་ཐོག་གཏོར་བ་ན། ཨ་མ་རྒས་མོས་ད་ནི་ཆར་པ་འབབ་ཀྱི་འདུག་སྙམ་པ་དང་། ཡང་བསམ་ངན་འགའ་ཞིག་གིས་ཁོ་མོར་གནད་འཚེ་གཏོང་གི་འདུག་སྙམ་ནས་སྐད་ཤུགས་ཆེན་པོས་ངུ་བཞིན་“ངའི་བུ། མགྱོགས་པོ་ལོག་ནས་ཨ་མ་སྐྱོབ་པར་ཤོག” ཅེས་སྨོན་ལམ་ཡང་བཏབ།
གླང་ཆེན་དཀར་པོས་དལ་མོར་སྒུར་ནས་ཨ་མར་བྱིལ་བྱིལ་བྱས། གླང་མོ་རྒན་མོས་ལམ་སེང་ཐུག་རེག་བྱེད་མཁན་དེ་རང་ཉིད་ཀྱི་བུ་ཡིན་པ་ཤེས་ཏེ་དགའ་སྤྲོ་ཆེན་པོ་སྐྱེས། ཁོ་མོའི་བུས་“བྱམས་བརྩེ་ལྡན་པའི་རྒྱལ་པོས་ང་རང་ཚེ་ཐར་བཏང་བྱུང་། ད་ནས་ངས་ཨ་མ་ཁྱེད་ལ་ལྟ་རྟོག་དང་གཅེས་སྐྱོང་ལེགས་པོ་བྱ་རྒྱུ་ཡིན།” ཞེས་སྨྲས།
ཁོ་པའི་ཨ་མ་སེམས་འགུལ་ཚད་མེད་ཐེབས་ཏེ་བྱམས་བརྩེ་དང་ལྡན་པའི་རྒྱལ་པོ་དེ་ཚེ་མཇུག་བར་ཞི་བདེ་དང་། དར་རྒྱས། སྤྲོ་སྣང་བཅས་ཡོང་བའི་སྨོན་ལམ་བཏབ་བོ།།
༦༥) བྷིར་བལ་གྱི་བློ་གྲོས།
གནམ་གཤིས་གྲང་ངར་ཤིན་ཏུ་ཆེ་བའི་ཞོགས་པ་ཞིག །རྒྱལ་པོ་ཨག་པར་རྒྱལ་ཁང་གི་ཁྱམས་རའི་ཐོག་ཉི་མ་སྲོ་བཞིན་བཞུགས་པ་ན། བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་བྱུང་བ་རེད། དེ་ཡང་རྒྱལ་པོས་རང་ཉིད་ཀྱི་རྒྱན་ཆ་ཡོངས་རྫོགས་ཕུད་ནས་ཅོག་ཙེའི་སྟེང་དུ་བཞག་ཅིང་། ཉི་མ་བསྲོས་ཟིན་རྗེས་རྒྱན་ཆ་རྣམས་རེ་རེ་བཞིན་འདོགས་པར་ཙམ་པ་ན་མཛུབ་དཀྲིས་རྩ་ཆེན་དེ་གར་སོང་ཆ་མེད་དུ་གྱུར། རྒྱལ་པོ་ཧ་ལས་ཏེ་ལམ་སེང་གཡས་གཡོན་ཀུན་ལ་བཙལ་ཡང་མ་རྙེད། དེ་ནས་རྒྱལ་པོའི་སེམས་སུ་“ཕྱི་མི་ནི་སུ་ཡང་མེད། བློན་པོ་ཞིག་གིས་བརྐུས་པ་ཐག་ཆོད།” སྙམ་སྟེ་ཞབས་ཕྱི་བློན་པོ་ཚང་མ་བོས་ནས་རེ་རེ་བཞིན་སྐད་ཆ་དྲིས་ཀྱང་རྩད་མ་ཆོད།
རྒྱལ་པོས་ལམ་སེང་ཁྲིམས་ར་ཚོགས་ཏེ་བྷིར་བལ་འབོད་དུ་བཏང་། བྷིར་བལ་ཁྲིམས་རར་འབྱོར་མ་ཐག་རྒྱལ་པོས་མདུན་དུ་བོས་ནས། “ངོས་ཀྱི་སྙིང་ནས་བརྩེ་བའི་བློན་ཆེན་བྷིར་བལ་ལགས། བདག་གི་མཛུབ་དཀྲིས་རྩ་ཆེ་ཤོས་དེ་རྒྱལ་ཁང་ནང་ནས་རྐུ་ཤོར་སོང་། དེ་ནི་ངོས་ཀྱི་ཡབ་དམ་པས་བདག་ལ་གནང་བའི་ཕ་མེས་ཀྱི་གཅེས་ནོར་ཡིན། ཁྱེད་ཀྱིས་ངོས་ལ་རོགས་རམ་གནང་ནས་དེ་རྙེད་པ་གནང་རོགས།” ཅེས་སྨྲས་པ་ན། བྷིར་བར་གྱིས། “རྒྱལ་པོ་རིན་པོ་ཆེ། ཁྱེད་ཐུགས་ཁྲལ་གནང་མི་དགོས། བདག་གིས་རྒྱལ་པོའི་མཛུབ་དཀྲིས་ཡིན་གཅིག་རྙེད་པ་ཞུས་ཆོག” ཅེས་ཞུས།
དེ་ནས་བྷིར་བལ་གྱིས། “རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱིས་ཐུགས་དོགས་གནང་བ་གནས་ལ་ཁེལ་འདུག །མཛུབ་དཀྲིས་དེ་ད་ལྟ་ཁྲིམས་ཁང་འདི་རང་གི་ནང་ལ་འདུག །བློན་པོ་ཞིག་ལ་འདུག །ཨག་ཚོམ་སྦར་མོས་བཀབ་པའི་བློན་པོ་ཞིག་ལ་འདུག” ཅེས་སྐད་ཤུགས་ཆེན་པོས་ཞུས་པ་ན། རྒྱལ་པོའི་མཛུབ་དཀྲིས་ལུས་སྦས་ནས་ཡོད་པའི་བློན་པོ་དེ་ཧང་སང་སྟེ་ལག་པ་ཁ་སྤུ་ནས་ལས་མར་ཕབ། བྷིར་བར་གྱིས་དེ་མཐོང་མ་ཐག་བློན་པོ་དེ་ལ་བལྟས་ནས། “མི་འདི་ལ་སྔོག་བཤེར་གནང་རོགས། ཁོའི་ལག་ཏུ་རྒྱལ་པོའི་མཛུབ་དཀྲིས་འདུག” ཅེས་ཞུས།
མཛུབ་དཀྲིས་རྙེད་རྗེས་རྒྱལ་པོའི་སེམས་སུ། “བྷིར་བར་གྱིས་མཛུབ་དཀྲིས་མི་དེའི་ལག་ཏུ་ཡོད་པ་ཇི་ལྟར་རྟོགས་པ་ཡིན་ནམ།” སྙམ་ནས་ཐེ་ཚོམ་གྱིས་བཞུགས་པ་ན། བྷིར་བར་རྒྱལ་པོའི་དྲུང་དུ་བཅར་ནས་སྐད་དམའ་བོས། “ཉེས་པ་ཡོད་པའི་མི་ཞིག་ཡིན་ན་ཁོ་པར་ནམ་ཡང་འཇིགས་སྣང་དང་དངངས་སྐྲག་ཡོང་གི་ཡོད།” ཅེས་ཞུས་སོ།།
Comments