སྒྲུང་ཐུང་བོད་སྒྱུར་མ། (༧༡ - ༧༥)

 ༧༡) དངོས་མྱོང་བསླབ་བྱ།


             ཉིན་ཞིག །ཧ་ཅང་འབྱོར་ཕྱུག་ཅན་གྱི་ཁྱིམ་ཚང་ཞིག་གི་ཨ་ཕས་རང་གི་བུ་ཁྲིད་ནས་གྲོང་གསེབ་ཏུ་ཡུལ་སྐོར་ལ་སོང་། ཡུལ་སྐོར་སྐྱོད་པའི་དམིགས་ཡུལ་ནི་གྲོང་གསེབ་པ་དབུལ་ཕོངས་ཅན་ཚོའི་འཚོ་བ་སྐྱེལ་སྟངས་ཇི་འདྲ་ཡིན་པ་བུ་ལ་གསལ་སྟོན་བྱུ་རྒྱུ་རེད། ཕ་བུ་གཉིས་ཞག་མ་འགའ་ཞིག་གྲོང་གསེབ་ནས་དབུལ་ཤོས་སུ་རྩི་བའི་ཁྱིམ་ཚང་འགའ་ཞིག་གི་ཞིང་རའི་ནང་བསྡད།  

   

      ཡུལ་སྐོར་ཟིན་ནས་ཕྱིར་ལོག་ཡོང་སྐབས་ཕ་དེས་བུ་ལ་ “ཡུལ་སྐོར་ཇི་འདྲ་བྱུང་སོང་།” ཞེས་དྲིས།


       “ཡུལ་སྐོར་ངོ་མ་བཟང་། ཧ་ཅང་སྤྲོ་པོ་བྱུང་།” བུས་ལན་བཏབ།


        “དབུལ་ཕོངས་ཉམ་ཐག་ཚོས་འཚོ་བ་ཇི་འདྲ་ཡིན་པ་ཁྱོད་ཀྱིས་རྟོགས་སོང་ངམ།” ཕས་དྲིས།


        “འོ། རྟོགས་སོང་།” བུས་ལན་བཏབ།


         “འོ་ན་ཨ་ཕར་ཤོད་དང་། ཁྱོད་ཀྱིས་ཐེངས་འདིའི་ཡུལ་སྐོར་སྤྲོ་འཆམ་ཁྲོད་ནས་ཅི་ཞིག་སྦྱངས་ཐུབ་སོང་ངམ།” ཕས་དྲིས།


        བུས་“ངས་མཐོང་བ་ལྟར་ན། ང་ཚོར་ཁྱི་གཅིག་ལས་མེད་ཀྱང་ཁོ་ཚོར་ཁྱི་བཞི་ཐམ་པ་འདུག །ང་ཚོར་མེ་ཏོག་ལྡུམ་རའི་དཀྱིལ་ལ་ཐུག་པའི་རྫིང་བུ་ཞིག་ལས་མེད་ཀྱང་། ཁོ་ཚོར་མུ་མཐའ་མེད་པའི་རྒྱུག་ཆུ་ཞིག་འདུག །ང་ཚོའི་ལྡུམ་རའི་ནང་དུ་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ལྒང་ཞུ་ཡོད། འོན་ཀྱང་ཁོ་ཚོར་མཚན་མོ་སྐར་ཚོམ་ཡོང་རྫོགས་འདུག  །ང་ཚོའི་སྒོ་ར་ནི་མདུན་གྱི་ལྕགས་རིར་ཐུག་ཡོད། འོན་ཀྱང་ཁོ་ཚོར་མཚམས་མེད་པའི་ས་གཞི་ཡོངས་རྫོགས་འདུག”


       “ང་ཚོར་འཚོ་གནས་ས་ཆ་ཆུང་ཆུང་ཞིག་ལས་མེད། འོན་ཀྱང་ཁོ་ཚོར་ང་ཚོའི་དཔག་ཚད་ལས་བརྒལ་བའི་ས་གཞི་ཆེན་པོ་འདུག”


       “ང་ཚོར་ཞབས་ཕྱི་ཞུ་མཁན་གྱི་གཡོག་པོ་དང་གཡོག་མོ་ཡོད་མོད། འོན་ཀྱང་ཁོ་ཚོས་སྐྱེ་བོ་གཞན་ལ་ཞབས་འདེགས་ཞུ་གི་ཡོད། ང་ཚོས་ཟས་རིགས་ཁྲོམ་ནས་ཉོ་གི་ཡོད། འོན་ཀྱང་ཁོ་ཚོས་ཟས་རིགས་འདེབས་འཛུགས་བྱེད་ཀྱི་ཡོད།”


        “ང་ཚོར་རྒྱུ་ནོར་སྲུང་སྐྱོབ་ཆེད་ལྕགས་རི་མཐོ་པོ་ཡོད། འོན་ཀྱང་ཁོ་ཚོར་སྲུང་སྐྱོབ་ཆེད་བརྩེ་བ་ཅན་གྱི་གྲོགས་པོ་མང་པོ་འདུག” ཅེས་ལན་བཏབ་པ་ན།

  

        ཨ་ཕ་དེ་ཅི་ཡང་སྨྲ་རྒྱུ་མེད་པ་གྱུར།


        དེ་ནས་བུས་“ཨ་ཕ་ལགས། ཁྱེད་ཀྱིས་ང་ཚོ་ཇི་འདྲའི་དབུལ་ཕོངས་ཡིན་པ་གསལ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” ཞེས་ཁ་སྣོན་བྱས་སོ།།



༧༢) རྔ་མོང་མ་བུ་གཉིས།


      རྔ་མོང་ཨ་མ་དང་ཕྲུ་གུ་གུ་ཆུང་ཆུང་ཞིག་ཉལ་ནས་བསྡད་ཡོད་པའི་སྐབས། རྔ་མོང་ཕྲ་གུ་དེས་གློ་བུར་དུ། “ཨ་མ། ངས་གནད་དོན་ཞིག་དྲིས་ན་ཆོག་གམ།” ཞེས་དྲིས་པར། ཨ་མས། “ཡིན་དང་ཡིན། བུ། ཁྱོད་ལ་དོན་དག་ཅི་ཞིག་གིས་བློ་མ་བདེ་བ་བཟོ་གི་འདུག་གམ།” ཞེས་སྨྲས།  དེ་ནས་རྔ་མོང་གི་ཕྲུ་གུ་དེས། “ང་ཚོ་ལ་ཅིའི་ཕྱིར་སྒལ་རྡོག་ཡོད་པ་རེད།” ཅེས་དྲིས། རྔ་མོང་ཨ་མས། “ བུ། ང་ཚོ་བྱེ་ཐང་གི་སྲོག་ཆགས་ཡིན་པས། སྒལ་རྡོ་ནི་ཆུ་གསོག་འཇོག་བྱ་ས་ཡིན། དེའི་རྒྱུ་མཚན་གྱིས་ཡོངས་གྲགས་ལྟར་ང་ཚོ་ཆུ་མེད་སར་ཡང་འཚོ་གནས་ཐུབ་ཀྱི་ཡོད་པ་རེད།” ཅེས་ལན་བཏབ།


    རྔ་མོང་ཕྲུ་གུ་དེས། “ལགས་སོ་་་་་་། འོ་ན་ང་ཚོའི་རྐང་ལག་རིང་ཞིང་གུག་གུག་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ།”ཞེས་དྲིས། རྔ་མོང་ཨ་མས། “བུ་་་་། དེ་ཚོ་ནི་བྱེ་ཐང་ནང་འགྲོས་པའི་ཆེད་དུ་ཡིན་པ་མངོན་གསལ་རེད། ཁྱོད་ཀྱིས་ཤེས་གསལ་ལྟར། རྐང་ལག་འདི་དག་ལ་བརྟེན་ནས་ང་ཚོས་བྱེ་ཐང་གི་ཕྱོགས་གང་སར་སེམས་ཅན་གཞན་ལས་ལྷག་པ་འགུལ་སྐྱོད་བྱེད་ཐུབ།” ཅེས་ལན་བཏབ། ཡང་རྔ་མོང་ཕྲུ་གུ་དེས། “ཨ་ལེ། བྱས་ན་ང་ཚོའི་མིག་གི་རྫི་མ་འདི་འདྲ་རིང་པོ་ཡོད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། འདིས་སྐབས་འགར་ངའི་མིག་ལ་གནོད་སྐྱེལ་གྱི་འདུག” ཅེས་དྲིས་པ་ན། རྔ་མོང་ཨ་མས་སྤོབས་ཉམས་དང་བཅས། “ངའི་བུ་་་། རྫི་མ་མཐུག་པོ་དེ་དག་ནི་ཁྱོད་ཀྱི་མིག་སྲུང་སྐྱོབ་བྱེད་པའི་ཁེབས་ལྟ་བུ་རེད། དེ་དག་གིས་ཁྱོད་ཀྱི་མིག་ལ་བྱེ་རླུང་མི་འཛུལ་བར་རོགས་རམ་བྱེད་ཀྱི་ཡོད།” ཅེས་ལན་བཏབ།


       རྔ་མོང་ཕྲུ་གུ་དེས་བསམ་བློ་ཡུན་ཙམ་བཏང་རྗེས། “ད་ངས་ཤེས་སོང་། སྒལ་རྡོག་ནི་ང་ཚོ་བྱེ་ཐང་དུ་སྡོད་དུས་ཆུ་གསོག་བྱེད་དང་། རྐང་ལག་ནི་བྱེ་ཐང་དུ་འགྲོས་ཆེད། རྫི་མ་ནི་བྱེ་ཐང་ནས་ངའི་མིག་ལ་བྱེ་ཐལ་མི་འཛུལ་བར་སྲུང་སྐྱོབ་བྱེད་ཆེད་ཡིན་པ་རེད། འོན་ཀྱང་ང་ཚོ་སྤྱན་གཟིགས་ཁང་ནང་དུ་འདུག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།” ཞེས་དྲིས་སོ།།


    བསླབ་བྱ། : ནུས་རྩལ་དང་། ཤེས་ཡོན། ཉམས་མྱོང་བཅས་ནི་རང་ཉིད་ལ་འོས་ཤིང་པའི་འཚམ་པའི་ལས་གནས་སུ་སླེབས་ཚེ་བེད་སྤྱོད་ཆེ།



            ༧༣) མཁས་མཛངས་ཅན་གྱི་བགྲེས་སོང་།


        ཕྱུག་བདག་ཅིག་གིས་མཁས་པ་བགྲེས་སོང་ཞིག་ལ་རང་ཉིད་ཀྱི་བུ་གོམས་གཤིས་ངན་པ་དང་བྲལ་དུ་འཇུག་རྒྱུར་རེ་བ་བཏོན་པས། མཁས་པ་དེས་ཕྲུ་གུ་ཁྲིད་ནས་མེ་ཏོག་ལྡུམ་ར་ཞིག་གི་ནང་འཆམ་འཆམ་ལ་སོང་། གང་འཚམས་ཞིག་ནས་སྐྱོད་མཚམས་བཞག་སྟེ། དེར་སྐྱེས་པའི་རྩི་ཤིང་ཆུང་ཆུང་ཞིག་ལ་མཛུབ་མོ་བཙུགས་ནས་ཕྲུ་གུ་ཆུང་ཆུང་དེར་ཡར་འཐེན་དུ་བཅུག

  

       ཕྲུ་གུ་དེས་རྩི་ཤིང་དེ་མཐེ་བོང་དང་མཛུབ་མོའི་བར་བཟུང་སྟེ་ཡར་འཐེན་ནས་བཀོག  །དེ་ནས་རྒས་པོས་དེ་བས་ཅུང་ཆེ་བའི་རྩི་ཤིང་ཞིག་ལ་མཛུབ་མོ་བཙུགས་ནས། “ད་འདི་འཐེན་ནས་ཁོགས་དང་།” ཞེས་སྨྲས་པར། ཕྲུ་གུ་དེས་ནུས་ཤུགས་ཆེན་པོས་འཐེན་པ་ན། རྩི་ཤིང་དེ་ཡར་ཐོན། རྩ་བ་དང་བཅས་ཐོན།  དེ་ནས་རྒས་པོས། “ད་ཕ་གི་འཐེན་དང་།” ཞེས་ཤིང་ཕྲན་ཞིག་ལ་མཛུབ་མོ་བསྟན། ད་གཟོད་ཕྲུ་གུ་དེས་ནུས་ཤུགས་ཡོད་ཚད་ཀྱིས་འཐེན་དགོས་བྱུང་།


         ཡང་རྒས་པོས་སེའུའི་སྡོང་པོ་ཞིག་བསྟན་ནས། “ད་འདི་འཐེན་ཤོག”ཅེས་སྨྲས་པ་ན། བྱིས་པ་དེས་ནུས་ཤུགས་ཡོད་རྒུས་སྡོང་པོ་ནས་འཐེན་ཐབས་བྱས་ཀྱང་འགུལ་ཙམ་ཡང་བྱེད་མ་ཐུབ། དེ་ནས་ཁོ་པས་དབུགས་ཧད་ཧད་ངང་། “འདི་ནི་མི་སྲིད་པའི་བྱ་བ་ཞིག་རེད།” ཅེས་བཤད་པ་ན།


       རྒན་པོ་དེས་“གོམས་གཤིས་ངན་པའང་འདི་དང་གཅིག་པ་རེད།  དེ་ཚོ་ཆུང་ཆུང་སྐབས་སུ་སྤོང་སླ། འོན་ཀྱང་དེ་དག་གིས་ཁྱེད་རང་ཡོངས་སུ་བཟུང་ཟིན་རྗེས་སྤོང་ཐབས་བྱེད་མི་ཐུབ།” ཅེས་སྨྲས་སོ།།


    བསླབ་བྱ། : གོམས་གཤིས་ངན་པ་དག་རང་ཉིད་ཀྱི་རྒྱུད་ལ་འཇགས་འཇགས་པར་སྒུག་མི་ཉན། རང་ཉིད་ཀྱིས་དེ་དག་ལ་ཚོད་འཛིན་ཐུབ་དུས་ནས་སྤོང་དགོས། དེ་མིན་དེ་དག་གིས་ཁྱེད་རང་ཡོངས་སུ་སྟངས་འཛིན་བྱ་ངེས།”



༧༤) མེ་ལོང་ལ་བལྟས་པ།


       ཉིན་ཞིག་ལས་བྱེད་ཡོངས་རྫོགས་ལས་ཁུངས་སུ་འབྱོར་བ་ན། ཁོ་ཚོས་སྒོ་ཁར་གསལ་བརྡ་ཞིག་སྦྱར་ཡོད་པ་མཐོང་། དེའི་ནང་འདི་ལྟར་བྲིས་ཡོད། “ཁ་སང་བར་ཁྱེད་ཚོ་དང་ཁེ་ལས་ཁང་འདི་ཡར་རྒྱས་འགྲོ་རྒྱུར་བཀག་འགོག་བྱེད་མཁན་གྱི་སྐྱེ་བོ་དེ་ཚེ་ལས་འདས་སོང་། ང་ཚོས་ལུས་སྦྱོང་ཁང་དུ་ལས་རོགས་དེར་འདས་མཆོད་ཅིག་གོ་སྒྲིག་ཞུས་ཡོད་པས་ཚང་མ་ངེས་ཕེབས་ཡོང་བ་ཞུ།” དང་ཐོག་ལས་རོགས་ཤིག་ཚེ་ལས་འདས་པ་ཐོས་པས་ཁོ་ཚོ་ཚང་མར་སེམས་སྡུག་ཆེན་པོ་བྱུང་། འོན་ཀྱང་། ཅུང་ཙམ་འགོར་རྗེས་ལས་རོགས་ཚོ་དང་ཁེ་ལས་ཁང་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་མཁན་མི་དེ་སུ་ཞིག་ཡིན་ནམ་སྙམ་ནས་ཚང་མར་ཤེས་འདོད་ཆེན་པོ་བྱུང་བ་རེད།


    ལུས་རྩལ་ཁང་དུ་འཚང་ཀ་ཆེ་དྲག་པས་བདེ་འཇགས་མི་སྣར་མི་ཚོགས་ལ་ཚོད་འཛིན་བྱ་རྒྱུར་བཀའ་གཏོང་དགོས་པར་གྱུར། ལས་བྱེད་པ་རྣམས་རེ་རེ་བཞིན་པུར་སྒམ་དང་ཁ་ཐག་ཇེ་ཉེར་འགྲོ་དུས་སེམས་ངར་ཇེ་ཆེར་གྱུར་ནས་དངངས་སྐྲག་ཀྱང་ལངས། ཚང་མས་“མི་དེ་སུ་ཡིན་ནམ། ངའི་ཡར་རྒྱས་ལ་འགོག་རྐྱེན་བཟོ་མཁན་མི་དེ་སུ་ཡིན་ནམ། ཁོ་ཤི་བ་ཡག་སོང་།” སྙམ་ཡོད། ཁོ་ཚོ་རེ་རེ་བཞིན་ཡ་མཚན་དང་བཅས་པུར་སྒམ་གྱི་ཉེ་སར་བཅར་ཞིང་། ནང་དུ་བལྟས་ཟིན་རྗེས་ཅི་ཡང་སྨྲ་མི་ནུས་པར་གྱུར། ཁོ་ཚོ་ཚང་མ་ཧ་ལས་ཤིང་ཧོན་ཐོར། ཐ་ན་མི་ཞིག་གིས་རང་ཉིད་ཀྱི་བླ་སྲོག་ལ་ལག་པ་འཆང་པ་ལྟར་པུར་སྒམ་གྱི་ཉེ་འགྲམ་དུ་ལངས་ནས་བསྡད། 

    

        དེ་ཡང་པུར་སྒམ་ནང་དུ་མེ་ལོང་ཞིག་ཡོད་ཅིང་། དེའི་ནང་ནས་རང་ཉིད་ཀྱི་ངོ་གདོང་ཁོ་ན་མཐོང་གི་ཡོད། མེ་ལོང་གི་ཉེ་འགྲམ་དུ་བྱང་བུ་ཞིག་ཡོད་ཅིང་། དེའི་ནང་“འཛམ་གླིང་འདིའི་ཐོག་ཁྱོད་རང་གི་འཚར་ལོངས་ལ་ཚོད་འཛིན་བྱེད་ཐུབ་མཁན་གྱི་མི་གཅིག་མ་གཏོགས་མེད། དེ་ནི་ཁྱོད་རང་རེད། ཁྱོད་ནི་ཁྱོད་ཀྱི་མི་ཚེར་གསར་བརྗེ་བྱེད་ཐུབ་མཁན་གྱི་མི་གཅིག་པུ་དེ་རེད། ཁྱོད་ཁོ་ན་ཁྱོད་ཀྱི་བདེ་སྐྱིད་དང་། མངོན་འགྱུར། ལེགས་འགྲུབ་བཅས་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན་དེ་རེད། ཁྱོད་ཁོ་ན་རང་ཉིད་ལ་རོགས་རམ་བྱེད་ཐུབ་པའི་སྐྱེ་བོ་དེ་རེད། ཁྱོད་རང་གི་སྦྱིན་བདག་འགྱུར་བ་ཕྱིན་པ་དང་། གྲོགས་པོ་འགྱུར་བ་ཕྱིན་པ། ལས་རོགས་འགྱུར་བ་ཕྱིན་པ། ལས་ཀ་བྱ་ས་འགྱུར་བ་ཕྱིན་པ་བཅས་ཀྱིས་ཁྱོད་ཀྱི་མི་ཚེར་འགྱུར་ལྡོག་འབྱུང་མི་སྲིད། འོན་ཀྱང་ཁྱོད་རང་ཉིད་ལ་འགྱུར་བ་སོང་ན་ད་གཟོད་ཁྱོད་ཀྱི་མི་ཚེར་འགྱུར་ལྡོག་ཡོང་གི་རེད། ཁྱོད་ཀྱིས་རང་ཉིད་ནི་སོ་སོའི་མི་ཚེར་འགན་འགན་འཁུར་མཁན་གཅིག་པུ་དེ་ཡིན་པ་ཤེས་དགོས།  དེ་ཤེས་ན་ད་གཟོད་ཁྱོད་རང་ཚད་ལས་འདས་པའི་ཡར་རྒྱས་འགྲོ་ངེས།” “འཛམ་གླིང་འདིའི་སྟེང་ཁྱོད་ཀྱིས་འབྲེལ་བ་གལ་ཆེ་ཤོས་དང་ཟབ་ཤོས་ཡོད་སའི་སྐྱེ་བོ་དེ་ནི་རང་ཉིད་ཁོ་ན་ཡིན་ནོ།།” ཞེས་བྲིས་ཡོད།


   ༧༥) བྷིར་བལ་གྱི་འབྲས་སིལ།


         གྲང་ངར་ཧ་ཅང་ཆེ་བའི་དགུན་དུས་ཀྱི་དགོང་དྲོ་ཞིག་ལ། ཨག་པར་དང་བྷིར་བལ་གཉིས་མཚོ་འགྲམ་དུ་འཆམ་འཆམ་ལ་བསྐྱོད། གློ་བུར་དུ་བྷིར་བལ་གྱི་སེམས་སུ་མིས་སྒོར་མོའི་ཆེད་དུ་བྱ་བ་ཅི་ཡང་བསྒྲུབ་སྲིད་སྙམ་པའི་ཚོར་བ་ཞིག་བྱུང་། ཁོ་པས་རང་ཉིད་ཀྱི་ཚོར་བ་དེ་ཨག་པར་ལ་ཞུས། ཨག་པར་གྱིས་མཛུབ་མོ་ཞིག་མཚོ་ནང་བཅུག་ནས་འཕྲལ་དུ་ཡར་འཐེན། རྒྱུ་མཚན་ནི་ཁོ་པ་འཁྱགས་ནས་འདར་སིག་བརྒྱབ་པས་རེད། དེ་ནས་ཨག་པར་གྱིས་བྷིར་བལ་ལ་བལྟས་ནས་“ངས་བལྟས་ན་མི་ཞིག་གིས་སྒོར་མོའི་ཆེད་དུ་མཚོ་འདིའི་ཆུ་འཁྱག་ནང་ཞག་མོ་གཅིག་འདུག་ཐུབ་རྒྱུ་མ་རེད།” ཅེས་སྨྲས། བྷིར་བལ་གྱིས་“ང་ལ་འདི་འདྲ་བྱེད་ཐུབ་པའི་མི་ཞིག་རྙེད་ཐུབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད།” ཅེས་ཞུས་པ་ན། ཨག་བྷར་གྱིས་“ད་བྱས་ན་ང་གཉིས་འགྲན་བསྡུར་ཞིག་བྱ། གལ་ཏེ་ཁྱོད་ཀྱིས་མི་དེ་འདྲ་ཞིག་འཚོལ་ཐུབ་ན། ངས་མི་དེར་གསེར་གྱི་སྒོར་མོ་སྟོང་ཕྲག་ཅིག་སྟེར།” ཞེས་སྨྲས།


     བྷིར་བལ་གྱིས་ས་ཕྱོགས་གང་སར་འཚོལ་ཞིབ་བྱས་རྗེས་མི་ཧ་ཅང་གི་དབུལ་ཕོངས་སྒོར་མོ་འགའ་ཞིག་གི་ཆེད་དུ་ཡང་འགྲན་བསྡུར་དེ་ལྟ་བུ་དང་ལེན་བྱེད་ངེས་ཤིག་རྙེད། ཡ་ང་བའི་སྐྱེ་བོ་དེ་ཆུ་འཁྱག་གིས་ཁེངས་པའི་མཚོ་མོའི་ནང་འཛུལ་བ་དང་། ཨག་པར་གྱིས་མཚོ་མཐར་སྲུང་དམག་བཀྲམས་ཏེ་ཁས་ལེན་ལྟར་དབུལ་པོ་དེ་མཚན་མོ་གཅིག་མཚོ་ནང་སྡོད་དུ་བཅུག །ཕྱི་ཉིན་སྲུང་དམག་གིས་ཡ་ང་བའི་དབུལ་པོ་དེ་ཨག་པར་གྱི་རྒྱལ་ཁང་དུ་ཁྲིད་པ་ན། རྒྱལ་པོ་ཨག་པར་གྱིས་ཁོ་པར་“ཁྱོད་ཀྱིས་མཚན་གང་མཚོའི་ནང་དུ་བསྡད་པ་ཡིན་ནམ།” ཞེས་དྲིས། མི་དེས་ཨག་པར་ལ་“ལགས་བསྡད་པ་ཡིན།” ཞེས་ཞུས། ཡང་ཨག་པར་གྱིས་“ཁྱོད་ཀྱིས་འཁྱག་ཆུའི་ནང་མཚན་གང་ཇི་ལྟར་བསྡད་པ་ཡིན་ནམ།” ཞེས་དྲིས།


       དབུལ་པོས་“ཉེ་འགྲམ་དེར་ལམ་སྒྲོན་ཞིག་སྦར་འདུག །བདག་གིས་བློ་རྩེ་གཅིག་སྒྲིམ་གྱིས་སྒྲོན་མེའི་ཐོག་བཞག་པ་ལས་གྲང་ངར་ལ་བསམ་བློ་རྩ་བ་ནས་བཏང་མེད། དེར་བརྟེན་གྲང་བའི་ཚོར་བ་མ་བྱུང་།” ཞེས་ཞུས། དེ་མ་ཐག་ཨག་པར་གྱིས་“ཁྱོད་ཀྱིས་ལམ་སྒྲོན་གྱི་དྲོད་ལ་བརྟེན་ནས་མཚོའི་ནང་སྡོད་ཐུབ་པ་རེད། དེ་འདྲ་སོང་ཙང་ཁྱོད་ལ་བྱ་དགའ་གང་ཡང་ཐོབ་ཀྱི་མ་རེད།” ཅེས་བཤད། དབུལ་པོ་དེ་སེམས་སྐྱོ་ཐག་ཆོད་ནས་བྷིར་བལ་ལ་རོགས་རམ་གནང་རོགས་ཟེར་བར་བསྐྱོད། 


      ཕྱི་ཉིན་བྷིར་བལ་ཕོ་བྲང་དུ་མ་བསླེབ། རྒྱལ་པོས་བྷིར་བལ་གང་དུ་སོང་ངམ་སྙམ་ཐེ་ཚོམ་ཟ་ནས་ཕོ་ཉ་ཞིག་ཁྱིམ་དུ་འབོད་པར་བཏང་། ཕོ་ཉ་ཕྱིར་འཁོར་ནས་ཨག་པར་ལ་“བྷིར་བལ་གྱིས་འབྲས་སིལ་ཆེད་འབྲས་འཚོད་བཞིན་འདུག བཙོས་ཟིན་རྗེས་ཡོང་རྒྱུ་ཡིན་ཟེར།” ཞེས་ཞུས། རྒྱལ་པོས་དུས་ཡུན་རིང་པོ་སྒུག་ཀྱང་བྷིར་བལ་མ་བསླེབ། མཇུག་མཐར་རྒྱལ་པོ་བྷིར་བལ་གྱི་ཁྱིམ་དུ་ཁོས་ཅི་ཞིག་ལས་ཀྱིན་པ་ལྟ་རུ་འགྲོ་རྒྱུ་ཐག་བཅད།


      ཨག་པར་བྷིར་བལ་གྱི་ཁྱིམ་དུ་སླེབས་རྗེས། བྷིར་བལ་ལྕུག་ཕྲན་ཁ་ཤས་མེ་ལ་འབར་བཞིན་པའི་ཉེ་འགྲམ་གྱི་པང་གཅལ་སྟེང་དུ་བསྡད་ཡོད་ཅིང་། མེ་ཐབ་ལས་ཁྲུ་ཁ་ཤས་ཀྱི་ས་ན་འབྲས་ཧ་ཡང་གང་དཔྱང་ནས་བཞག་ཡོད་པ་མཐོང་། རྒྱལ་པོ་དང་ཁོའི་ཞབས་ཞུ་བ་ཚང་མ་བྷིར་བལ་གྱི་བྱེད་སྟངས་དེ་ལ་བལྟས་ནས་དབང་མེད་དུ་གད་མོ་ཤོར།


       ཨག་པར་གྱིས་“མེ་དང་སྣོད་ཆས་བར་ལ་བར་ཐག་དེ་འདྲ་རིང་པོ་ཡོད་ན། ཁྱོད་ཀྱིས་འབྲས་ཇི་ལྟར་འཚོད་ཐུབ་བམ། ཁྱོད་ཀྱིས་འབྲས་སིལ་ནམ་ཞིག་ལ་བཟོ་ཐུབ་རྒྱུ་རེད།” ཅེས་བྷིར་བལ་ལ་དྲིས།


       “ངའི་འདི་དང་འདྲ་བར་དབུལ་པོ་དེས་ཀྱང་རྒྱང་གྲགས་ཅིག་ལས་བརྒལ་བའི་ས་ནས་ལམ་སྒྲོན་གྱི་འོད་ཟེར་བླངས་པ་མ་རེད་དམ།” ཞེས་ཞུས།


        རྒྱལ་པོས་ད་གཟོད་རང་ཉིད་ཀྱིས་ནོར་བ་ངོས་ཟིན་ཏེ་དབུལ་པོར་ཁོ་པའི་བྱ་དགའ་གནང་ངོ་།།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།