སྒྲུང་ཐུང་བོད་སྒྱུར་མ། (༦༦ - ༧༠)
༦༦) སྒྱིད་ལུག་ཅན་གྱི་ཞིང་པ།
ཆར་པའི་ལྷ་མོས་མཚན་གང་བོར་འཛུམ་མདངས་བསྟན་པས། འགྲོས་ལམ་ཡོངས་རྫོགས་འདམ་རྫབ་ཏུ་གྱུར་ཞིང་ས་དོང་གིས་ཁེངས་འདུག །དེ་རིང་ནི་ཚོང་འདུས་ཀྱི་ཉིན་མོ་ཡིན་པས་བཀྲ་ཤིས་ཤིང་རྟར་བསྡད་དེ་གྲོང་གསེབ་ཀྱི་གཞུང་ལམ་དེད་ནས་སྐྱོད་བཞིན་ཡོད། ཁོ་པ་ཁྲོམ་རར་སྔ་ཙམ་སླེབས་ན་ད་གཟོད་སྐམ་རྩ་རྣམས་འཚོང་ཐུབ་ངེས། འོན་ཀྱང་རྟ་རྣམས་ཀྱིས་ལྗིད་ཚད་འདི་ཙམ་འདམ་རྫབ་བརྒྱུད་འདྲུད་རྒྱུ་ཧ་ཅང་ཁག་ཙམ་དུ་གྱུར་གདའ། མ་བསམ་ས་ནས་ཤིང་རྟའི་འཁོར་ལོ་གཅིག་ཀྱང་འདམ་རྫབ་ཀྱི་ས་དོང་ནང་ཤོར།
རྟ་ཡིས་ཇི་ཙམ་འཐེན་ན་དེ་ཙམ་གྱིས་མར་འཐིམ་བཞིན་འདུག །བཀྲ་ཤིས་ཤིང་རྟའི་འདུག་སྟེགས་ལས་མར་བབས་ཏེ་ཤིང་རྟའི་འགྲམ་དེར་ལངས་ནས་བསྡད། ཁོས་ཕྱོགས་བཞིར་གཟབ་ནན་གྱིས་རང་ལ་རོགས་པ་བྱེད་མི་ཞིག་ཡོད་མེད་བལྟས་ཀྱང་སུ་ཡང་མ་མཐོང་། ཁོས་རང་ཉིད་ཀྱི་ལས་ངན་ལ་དམོད་པ་བྱེད་བཞིན་བསྡད། བལྟས་ཚོད་ལ་ཁོ་པ་ཡིད་ཞུམ་ཞིང་ཕམ་པ་ཁས་ལེན་བྱས་པ་དང་འདྲ། ཁོས་རང་ཉིད་ཀྱི་ནུས་ཤུགས་བཏོན་ནས་ཤིང་རྟ་ཡར་འདེགས་རྒྱུའི་འབད་བརྩོན་སྤུ་ཙམ་མ་བྱས་པར། དེ་ལས་ལྡོག་སྟེ་ཅི་ཞིག་བྱུང་བར་འཁང་ར་ཆེན་པོ་བྱས། དེ་ནས་ཁོས་མགོ་བོ་ཡར་བཀྱགས་ནས། “ང་མི་ལས་མ་དག་པ་ཞིག་རེད་འདུག །ང་ལ་འདི་ལྟར་ཅི་ཕྱིར་བྱུང་བ་ཡིན་ནམ། ནམ་མཁའི་ལྷ་མོ། བདག་ལ་རོགས་རམ་ཞིག་གནང་དང་།” ཞེས་སྐད་ཆེན་པོ་བརྒྱབ།
ཡུན་རིང་སྒུག་རྗེས། ནམ་མཁའི་ལྷ་མོ་བཀྲ་ཤིས་ཀྱི་མདུན་དུ་བྱོན་ནས། བཀྲ་ཤིས་ལ། “ཁྱོད་ཀྱིས་བལྟས་ན་ཤིང་རྟར་ལྟ་བཞིན་སྐད་ཅོར་བརྒྱབ་ན་འཁོར་ལོ་ཡར་འཐེན་ཐུབ་ཀྱི་རེད་སྙམ་གྱི་འདུག་གམ། སོ་སོས་འབད་བརྩོན་རྩ་བ་ནས་མ་བྱས་ན། གཞན་གྱིས་ཁྱོད་ལ་རོགས་རམ་ཇི་ལྟར་བྱེད། ཁྱོད་རང་ཉིད་ཀྱིས་འཁོར་ལོ་འདམ་དོང་ནས་ཕྱིར་འདོན་ཐབས་བྱས་པ་ཡིན་ནམ། ཡར་ལངས་ནས་ཕྲག་པས་འཁོར་ལོ་ཡར་ཁྱོགས་དང་ཁྱོད་ཀྱིས་མགྱོགས་མྱུར་འཁོར་ལོ་ཡར་འདོན་ཐུབ་ངེས།” ཞེས་གསུངས།
བཀྲ་ཤིས་རང་ཉིད་ལ་ངོ་གནོང་པར་གྱུར། ཁོས་ལམ་སེང་སྐེད་པ་མར་སྒུར་ནས་ཕྲག་པ་འཁོར་ལོའི་འོག་ཏུ་བཞག་སྟེ་ཡར་འབུད་ཞོར་རྟ་ལ་སྐུལ་འདེད་བྱས་པ་ན། དུས་ཡུན་མི་རིང་བར་འཁོར་ལོ་འདམ་དོང་ནས་ཕྱི་ལ་ཐོན། དེ་ནས་བཀྲ་ཤིས་ལ་བསླབ་བྱ་ཆེན་པོ་ཞིག་ཐོབ་པས། ཁོས་ནམ་མཁའི་ལྷ་མོར་ཐུགས་རྗེ་ཆེ་ཞུས་ཞིང་། དགའ་སྤྲོའི་ངང་ལམ་ལ་ཆས་སོ།།
༦༧) ཕ་བུའི་གནད་དོན།
ཉིན་ཞིག་ཨ་ཕ་ལས་ཀ་བྱེད་བཞིན་ཡོད་པ་ན། བུ་ཆུང་ཆུང་དེ་ཡོང་ནས། “ཨ་ཕ། ངས་ཁྱེད་ལ་དྲི་བ་ཞིག་དྲིས་ན་ཨེ་ཆོག” ཅེས་དྲིས། ཕ་དེས། “ཆོག་དང་ཆོག །ཁྱོད་ལ་དོན་གནད་གང་ཞིག་དྲི་རྒྱུ་ཡོད།” ཅེས་སྨྲས། ཁོའི་བུས་ “ཨ་ཕ། ཁྱོད་ཀྱིས་ཆུ་ཚོད་ཅིག་ལ་སྒོར་མོ་ག་ཚོད་གསོག་གི་ཡོད།” ཅེས་དྲིས་པ་ན། ཕ་དེ་ཅུང་སྤྲོ་ལངས་ནས་ “དེ་ལ་ཁྱོད་ཀྱིས་བྱུས་གཏོགས་བྱེད་མི་དགོས། ཁྱོད་ཀྱིས་དེ་ལྟར་དྲི་དོན་ཅི་ཡིན་ནམ།” ཅེས་སྨྲས་པར། བུས་“ངས་ཤེས་འདོད་འདུག །ཨ་ཕ་སྐུ་མཁྱེན་གསུངས་དང་། ཁྱོད་ཀྱིས་ཆུ་ཚོད་ཅིག་ལ་སྒོར་མོ་ག་ཚོད་གསོག་གི་ཡོད།” “ངས་ཆུ་ཚོད་གཅིག་ལ་སྒོར་ ༥༠༠ གསོག་གི་ཡོད།”
“འོ།” བྱིས་པ་ཆུང་ཆུང་དེས་མགོ་བོ་སྒུར་བཞིན་ལན་བཏབ། དེ་ནས་བུས་ “ཨ་ཕ། ཁྱོད་ཀྱིས་ང་ལ་སྒོར་ ༣༠༠ གཡར་ན་ཆོག་གམ།” ཞེས་དྲིས། ཕ་དེ་ཁོང་ཁྲོ་ལངས་ནས་“ཁྱོད་ཀྱིས་ངའི་ཡོང་འབབ་སྐོར་སྐད་ཆ་དྲི་དོན་ནི་ངའི་ལག་ནས་སྒོར་མོ་འགའ་གཡར་ནས་བེད་སྤྱོད་མེད་པའི་རྩེས་ཆས་འགའ་ཉོས། རང་ཉིད་ཀྱི་ཉལ་ཁང་དུ་ལོག་ནས་བརྩེ་དགོས་བསམ་པ་ཡིན་ནམ། དེ་ལྟར་ཡིན་ན་ཁྱོད་རང་འདོད་ཆེ་དྲགས་པ་རེད། ཁྱོད་ཀྱིས་བསམ་བློ་ཡག་པོ་གཏོང་དགོས། ངས་ཉིན་ལྟར་སྡུག་ལས་འདི་ཙམ་བྱེད་ཀྱི་ཡོད། ཁྱོད་ཀྱིས་འདི་ལྟར་བྱས་ན་ང་རྩ་བ་ནས་མི་དགའ།” ཞེས་གཤེ་གཤེ་བཏང་།
བྱིས་པ་ཆུང་ཆུང་དེ་ཁ་རོག་གེར་རང་ཉིད་ཀྱི་ཉལ་ཁང་དུ་འཛུལ་ནས་སྒོ་བརྒྱབ། སྐྱེས་པ་དེ་མར་བསྡད་ནས་བྱིས་པ་དེའི་དྲི་བར་མནོ་བསམ་གཏོང་བཞིན་ཁོང་ཁྲོ་ཇེ་ཆེར་སོང་སྟེ། “ཁོས་སྐད་ཆ་སྙན་པོའི་ངང་དྲིས་ནས་སྒོར་མོ་འགའ་ལེན་འདོད་པ་ཡིན་ནམ།” སྙམ། ཧ་ལམ་ཆུ་ཚོད་གཅིག་ཙམ་འགོར་རྗེས། ཁོའི་སེམས་པ་རྣལ་དུ་བབས་ཏེ། “དོན་ངོ་མ་བུ་ལ་སྒོར་ ༣༠༠ བྱས་པའི་དངོས་པོ་ཞིག་དགོས་ཀྱི་ཡོད་པ་མིན་ནམ། ཁོས་རྒྱུན་དུ་སྒོར་མོ་སློང་གི་མེད།” སྙམ་སྟེ་བུའི་ཉལ་ཁང་དུ་འཛུལ། “བུ། ཁྱོད་གཉིད་ཡོད་དམ།” “མེད། ཨ་ཕ། ང་གཉིད་མེད།” ཕ་དེ་བུའི་འགྲམ་དུ་སོང་ནས་“ད་ཅི་ངས་ཁྱོད་ལ་བཤད་སྟངས་ནོར་བ་འདྲ། དགོངས་པ་མ་ཚོམ། དེ་རིང་དཀའ་ལས་ཞེ་དྲག་ཁག་པས་ཁྱོད་ལ་རྣམ་འགྱུར་ངན་པ་བསྟན་པར་ཐལ་སོང་། ཁྱོད་ལ་དགོས་པའི་སྒོར་ ༣༠༠ འདིར་ཡོད།” ཅེས་སྒོར་ ༣༠༠ བུ་ལ་སྤྲད།
བུ་ཆུང་ཆུང་དེ་ཐད་ཀར་ཡར་ལངས་ནས་འཛུམ་དམུལ་དམུལ་ངང་“འོ། ཐུགས་རྗེ་ཆེ་ཨ་ཕ་ལགས།” ཞེས་སྐད་ཆེན་པོས་བོས། དེ་ནས་ཁོས་སྔས་མགོའི་འོག་ཏུ་ལག་པ་བསྲིངས་ནས་སྒོར་མོ་ལྟེབ་རྩེག་ཐེབས་པ་འགའ་བླངས། ཕ་དེས་བྱིས་པར་སྔོན་ནས་སྒོར་མོ་ཡོད་པ་མཐོང་ཕྲལ་ཡང་བསྐྱར་ཁོང་ཁྲོ་ལངས། བྱིས་པ་དེས་སྒོར་མོ་དེ་དག་རྩིས་བརྒྱབ་ཟིན་རྗེས་མགོ་བོ་ཡར་བཀྱགས་ནས་འཛུམ་དམུལ་དམུལ་ངང་ཨ་ཕར་བལྟས།
ཕ་དེས་“ཁྱོད་ལ་སྒོར་མོ་ཡོད་བཞིན་དུ་ད་དུང་ང་ནས་སློང་དོན་ཅི་ཡིན་ནམ།” ཞེས་འཁང་ར་བྱས། བྱིས་པ་དེས་“རྒྱུ་མཚན་ནི་ང་ལ་དངུལ་འདང་ངེས་མེད་པས་ཡིན། འོན་ཀྱང་ད་ལྟ་འདང་ངེས་ཡོད།” ཅེས་དང་། “ཨ་ཕ་ད་ལྟ་ང་ལ་སྒོར་ ༥༠༠ ཡོད་པས་ཁྱོད་ཀྱི་དུས་ཡུན་ཆུ་ཚོད་གཅིག་ངས་ཉོས་ན་ཨེ་འགྲིག །སང་ཉིན་ཆུ་ཚོད་གཅིག་གི་གོང་དུ་ཁྱིམ་ལ་ལོག་ཕེབས་རོགས། ངས་ཁྱེད་དང་ལྷན་དུ་དགོང་ཟས་བཟའ་འདོད་འདུག” ཅེས་བཤད་པ་ན་ཕ་དེ་ཅི་ཡང་བཤད་མི་ཤེས་པར་གྱུར་རོ།།
༦༨) མཛའ་བརྩེའི་གྲུ་གཟིངས།
གྲུ་གཟིངས་ཤིག་མཚོ་ཐོག་ཏུ་སྐྱོད་སྐབས་ཆར་རླུང་དྲག་པོ་འཚུབ་སྟེ་ཆག་སྐྱོན་ཤོར། དེའི་ཐོག་གི་སྐྱེས་པ་གཉིས་ཁོ་ན་རྐྱལ་ཐུབ་ནས་བྱེ་ཐང་ཅན་གྱི་གླིང་ཕྲན་ཆུང་ཆུང་ཞིག་ཏུ་སླེབས། ཁོ་གཉིས་སྔོན་མ་ནས་མཛའ་བརྩེ་ཟབ་པའི་གྲོགས་མཆོག་ཡིན་ཀྱང་། ད་ཆ་ཅི་བྱ་གཏོལ་མེད་དུ་གྱུར་བས་དཀོན་མཆོག་ལ་གསོལ་བ་འདེབས་རྒྱུ་ཙམ་ལས་ཐབས་གཞན་ཅི་ཡང་མེད་པར་བསམས་ཏེ། ཁོང་གཉིས་སུའི་སྨོན་ལམ་ནུས་པ་ཆེ་བ་འཐོན་མིན་བལྟ་རྒྱུའི་ཆེད་ས་ཁོངས་བགོ་བཤའ་བརྒྱག་རྒྱུར་མོས་མཐུན་བྱུང་སྟེ་གླིང་ཕྲན་གྱི་ཕྱོགས་སོ་སོར་འདུག་རྒྱུ་བྱས།
སྐྱེས་པ་དང་པོ་དེས་ཆེས་ཐོག་མར་ཁ་ལག་ཆེད་གསོལ་བ་བཏབ་སྟེ་གཉིད་དུ་སོང་། ཕྱི་ཉིན་ཞོགས་པ་ཁོའི་ས་ཁོངས་སུ་ཤིང་ཏོག་གི་སྡོང་པོ་ཞིག་སྐྱེས་པས་ཁོ་པར་ཤིང་ཏོག་བཟའ་རྒྱུ་བྱུང་། འོན་ཀྱང་སྐྱེས་པ་གཉིས་པའི་ས་ཁོངས་ནི་སྔར་བཞིན་བྱེ་ཐང་དུ་ལུས་ཡོད། གཟའ་འཁོར་གཅིག་འགོར་རྗེས། སྐྱེས་པ་དང་པོ་དེ་ཁེར་རྐྱང་དུ་ཡུལ་པོ་བྱུང་བས་ཁོས་ཆུང་མ་ཞིག་རག་རྒྱུར་གསོལ་བ་འདེབས་རྒྱུ་ཐག་བཅད། ཕྱི་ཉིན་ཞོགས་པ་གྲུ་གཟིངས་གཞན་ཞིག་ཆག་སྐྱོན་བྱུང་བ་དང་། སྲོག་ཉེན་ལས་ཐར་བ་བུད་མེད་གཅིག་ཁོ་ན་བྱུང་བ་དེ་ཁོའི་ས་ཁོངས་སུ་སླེབས། འོན་ཀྱང་གླིང་ཕྲན་དེའི་ཕྱོགས་གཞན་དེར་ཅི་ཡང་མ་བྱུང་།
ཡུན་རིང་མ་འགོར་བར་སྐྱེས་པ་དང་པོ་དེས་ཁང་པ་དང་། གྱོན་ཆས། ཟས་རིགས་སྣ་ཚོགས་དགོས་ཆེད་གསོལ་བ་བཏབ་པས། དེ་དག་རྫུ་འཕྲུལ་དང་འདྲ་བར་ཁོ་པར་མ་ལུས་པར་ཐོབ། འོན་ཏང་སྐྱེས་པ་གཞན་དེར་ད་དུང་ཅི་ཡང་མ་ཐོབ། མཇུག་མཐར་སྐྱེས་པ་དང་པོས་ཁོ་པ་དང་བཟའ་ཟླ་གཉིས་གླིང་ཕྲན་དེ་ནས་སྒྲོལ་ཆེད་གྲུ་གཟིངས་ཤིག་བྱུང་ན་སྙམ་སྟེ་གསོལ་བ་བཏབ་པ་ན། ཕྱི་ཉིན་དེ་གྲུ་གཟིངས་ཤིག་ཁོའི་ས་ཁོངས་སུ་བཞག་ཡོད་མཐོང་། ཁོས་རང་ཉིད་དང་ཆུང་མ་གླིང་ཕྲན་དེ་ནས་འགྲོ་རྒྱུ་དང་། གྲོགས་པོ་དེ་གར་འཇོག་རྒྱུ་ཐག་བཅད།
ཁོས་སྐྱེས་པ་གཞན་དེའི་གསོལ་འདེབས་ལ་ལན་མ་བྱུང་བས་ཁོ་པར་དཀོན་མཆོག་བྱིན་རླབས་སྤྱོད་པའི་ནུས་པ་མེད་པར་སྙམ་པ་རེད།
གྲུ་གཟིངས་འགུལ་སྐྱོད་བྱེད་འགོ་བརྩམས་མ་ཐག། སྐྱེས་པ་དང་པོས་ནམ་མཁའ་ནས་“ཁྱོད་ཀྱིས་རང་གི་གྲོགས་པོ་གླིང་ཕྲན་ཐོག་བཞག་ནས་འགྲོ་དོན་ཅི་ཡིན་ནམ།” ཟེར་བའི་སྒྲ་ཞིག་ཐོས།
“ང་ལ་ཐོབ་པའི་བྱིན་རླབས་ནི་ང་ཉིད་ཀྱི་ཡིན། རྒྱུ་མཚན་ནི་དེ་དག་གི་ཆེད་དུ་གསོལ་འདེབས་བྱེད་མཁན་ང་རང་གཅིག་པུ་ཡིན། ཁོའི་གསོལ་འདེབས་ལ་དཀོན་མཆོག་གིས་ལན་འདེབས་མ་གནང་བས་ཁོ་ལ་དེ་དག་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་མེད།” ཞེས་ལན་བཏབ།
“ཁྱོད་ཀྱིས་ནོར་སོང་།” སྒྲ་དེས་ཁོ་པར་ཁ་རྡུང་གཏོང་བ་དང་ལྷན། “ཁོ པས་སྨོན་ལམ་གཅིག་རང་བཏབ་སོང་། དེ་ལ་ངས་ལན་བཏབ་པ་ཡིན། དེ་ལྟར་མིན་ན་ཁྱོད་ལ་ངའི་བྱིན་རླབས་གཅིག་རྐྱང་ཐོབ་རྒྱུ་མ་རེད” ཅེས་སྨྲས།
སྐྱེས་པ་དང་པོས་“ཁྱེད་ཀྱིས་བདག་ལ་གསུངས་དང་། མི་དེས་བདག་གིས་ཁོ་ལ་ཆད་དགོས་པའི་སྨོན་ལམ་ཅི་ཞིག་བཏབ་སོང་ངམ།” ཞེས་ཞུས།
སྒྲ་དེས་“ཁོ་པས་ཁྱོད་ཀྱིས་བཏབ་པའི་སྨོན་ལམ་ཚང་མ་འགྲུབ་པར་ཤོག་ཅེས་གསོལ་འདེབས་བྱས་བྱུང་།” ཞེས་གསུངས་པ་ན་སྐྱེས་པ་དེ་ཅི་ཡང་སྨྲ་རྒྱུ་མེད་པར་ལུས་སོ།།
༦༩) དབུལ་པོའི་རྒྱུ་ནོར།
དབང་ཕྱུག་དང་བསམ་གྲུབ་གཉིས་ཁྱིམ་མཚེས་རེད། དབང་ཕྱུག་ནི་ཞིང་པ་དབུལ་པོ་ཞིག་རེད། བསམ་གྲུབ་ནི་ས་བདག་ཅིག་རེད།
དབང་ཕྱུག་ནི་སྤྱིར་མི་ལྷོད་པོ་དང་། བག་དང་ལྡན་པ། སྤྲོ་སྣང་ངང་སྡོད་མཁན་ཞིག་རེད། ཁོ་པར་རྒྱུ་ནོར་མེད་པས་མཚན་མོ་ཉལ་སྐབས་སྒོ་དང་སྒེའུ་ཁུང་རྒྱག་པའི་ངལ་བ་བསྟེན་དགོས་ཀྱི་མེད། ཁོ་པ་མཚན་མོ་གཉིད་སྐྱིད་པོ་ཁུག་གི་ཡོད། ཁོ་པར་སྒོར་མོ་མེད་ཀྱང་འཚོ་བ་ཞི་བདེའི་ངང་སྐྱེལ་གྱི་ཡོད།
བསམ་གྲུབ་ནི་དེ་ལས་ལྡོག་སྟེ་རྒྱུན་དུ་དངངས་སྐྲག་ངང་འཚོ་གི་ཡོད། ཁོས་དགོང་མོ་མ་ཉལ་གོང་སྒོ་དང་སྒེའུ་ཁུང་ཚང་མ་རྒྱག་ཅིང་། མཚན་མོ་གཉིད་ཀྱང་ཡག་པོ་ཁུག་ཐུབ་ཀྱི་མེད། ཁོས་ཉིན་ལྟར་‘རྐུ་མ་སླེབས་ནས་རང་ཉིད་ཀྱི་གཏེར་སྒམ་ཁ་ཕྱེ་སྟེ་སྒོར་མོ་བརྐུ་རྒྱུ་རེད་’སྙམ་ནས་སེམས་ཁྲལ་རྐྱང་བྱེད་དགོས་ཀྱི་ཡོད། དེར་བརྟེན་ཁོ་རྒྱུན་དུ་དབང་ཕྱུག་ལ་ཡིད་སྨོན་ཤོར་གྱི་ཡོད།
ཉིན་ཞིག །བསམ་གྲུབ་ཀྱིས་དབང་ཕྱུག་ཁྱིམ་དུ་བོས། ཁོས་དབང་ཕྱུག་ལ་དངུལ་སྒམ་གཅིག་སྤྲད་ནས། “གྲོགས་མཆོག་ལགས། ལྟོས་དང་། ང་ལ་བསོད་ནམས་དབང་གིས་རྒྱུ་ནོར་མང་པོ་ཡོད། ངས་ཁྱེད་རང་དབུལ་ཕོངས་ཀྱི་གནས་སུ་གྱར་ཡོད་པ་ཤེས་བཞིན་དུ་དེ་ལྟར་བཞག་བཟོད་བདེ་པོ་མི་འདུག །དེར་བརྟེན་ལག་དངུལ་མི་ཉུང་བ་འདི་འཁྱེར་ནས་ཁྱེད་རང་དར་རྒྱས་གོང་འཕེལ་ཡོང་བ་བྱ་དགོས།” ཞེས་བཤད།
དབང་ཕྱུག་གིས་སྒོར་མོ་དེ་དག་མཐོང་བས་ཧ་ཅང་དགའ་བར་གྱུར། ཕྱིར་རང་ཁྱིམ་དུ་ལོག་རྗེས་ནས་ཉིན་གང་པོར་སྒོར་མོ་ལྟ་བཞིན་སྤྲོ་བ་ཚད་མེད་སྐྱེས་ནས་བསྡད། མཚན་མོ་ཟིན་པ་ན། ཁོ་པ་རྒྱུན་ལྡན་བཞིན་གཉིད་དུ་སོང་། འོན་ཀྱང་གཉིད་རྩ་བ་ནས་ཁུག་མ་ཐུབ། ཁོ་པ་ཡར་ལངས་ནས་སྒོ་དང་སྒེའུ་ཁུང་ཡོངས་རྫོགས་བརྒྱབ། ད་དུང་ཡང་གཉིད་མ་ཐུབ། ཁོས་མུ་མཐུད་དངུལ་སྒམ་ལ་ལྟ་བཞིན་བསྡད། མདོར་ན་མཚན་གང་པོར་གཉིད་མ་ཐུབ། དེ་ནི་ཁོའི་མེ་ཚེའི་ནང་གཉིད་མ་ཐུབ་པའི་མཚན་མོ་གཅིག་པུ་དེ་ཡིན།
ཕྱི་ཉིན་ནམ་ལངས་པ་དང་དབང་ཕྱུག་གིས་དངུལ་སྒམ་འཁྱེར་སྟེ་བསམ་གྲུབ་སར་སོང་ནས། སྒམ་ཆུང་བསམ་གྲུབ་ཀྱི་ལག་ལ་སྤྲོད་བཞིན་“གྲོགས་མཆོག་ལགས། ང་ཧ་ཅང་དབུལ་ཕོངས་ཤིག་ཡིན། ཁྱེད་ཀྱིས་བདག་གི་བདེ་སྡུག་ལ་བསམས་པར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་སྒོར་མོ་འདི་དག་གིས་ངའི་ཞི་བདེ་རྩ་བ་ནས་འཕྲོག་འགྲོ་གི་འདུག །དགོངས་པ་མ་ཚོམ་ཁྱེད་ཀྱིས་སྒོར་མོ་འདི་དག་ཕྱིར་ལེན་རོགས།” ཞེས་བཤད་དོ།།
༧༠) བྱིས་པས་ལས་ཀའི་རིན་ཐང་བརྟག་པ།
བྱིས་པ་ཆུང་ཆུང་ཞིག་དུག་རྫས་ཚོང་ཁང་ཞིག་ཏུ་འཛུལ་ཞིང་། ཨམ་ཕྲག་ནས་ཤོག་བུ་ཞིག་བཏོན་ནས་ཁ་པར་ཡོད་སར་སོང་། ཁོས་ཤོག་སྒམ་ཞིག་གི་ཐོག་འཛེགས་ཏེ་ཁ་པར་ལ་སྙོབ་པར་བྱས། དེ་ནས་ལྷོད་ལྷོད་ཀྱིས་ཨང་གྲངས་བདུན་པོ་རེ་རེ་བཞིན་གནོན། ཚོང་བདག་དེས་ཁོས་ཅི་ཞིག་བཤད་རྒྱུ་ཡིན་ནམ་སྙམ་ནས་གཟབ་ནན་ཀྱིས་ཉན་པ་ན།
བྱིས་པ། “ལྕམ་སྐུ་ཞབས། ཁྱེད་ཀྱིས་ང་ལ་རྩ་བྲེག་རྒྱུའི་ལས་ཀ་སྤྲད་ན་ཆོག་གམ།”
བུད་མེད། (ཁ་པར་གྱི་སྐུད་སྣེ་གཞན་དེ་ནས།) “དགོངས་པ་མ་ཚོམ། ང་ལ་སྔ་ས་ནས་རྩ་འབྲེག་མཁན་ཡོད།”
བྱིས་པ། “ལྕམ་ལགས། ང་ལ་ད་ལྟ་ཁྱེད་རང་གི་རྩ་འབྲེག་མཁན་དེ་ལས་གླ་ཕོགས་ལྡབ་གཅིག་གིས་ཉུང་བ་གནང་ན་འགྲིག །ངས་ལས་དོན་ཧུར་ཐག་ཞུས་ཆོག”
བུད་མེད། “ཡོང་གི་མ་རེད། ངའི་ད་ལྟའི་རྩ་འབྲེག་མཁན་དེ་ཧ་ཅང་ཡག་པོ་ཡོད། བུ་དེའི་ལས་ཀ་བྱེད་སྟངས་ལ་ང་རང་ཡིད་ཡོངས་སུ་ཚིམ་ཡོད།”
བྱིས་པ། (སྔར་ལས་བློ་བརྟན་འགྱུར་མེད་ལྟ་བུའི་སྒོ་ནས།) “ལྕམ་ལགས་བདག་གིས་ཁྱེད་ཀྱི་སྒོ་རའི་མཐའ་སྐྱོར་དང་། འགྲོས་ལམ་ཡང་གཙང་ཕྱག་ཞུས་ཆོག །དེ་འདྲ་བྱས་ན་རེས་གཟའ་ཉི་མར་ཁྱེད་རང་ཕ་ལོ་རི་ཏྲའི་མཚོ་མཐའ་ཆེས་མཛེས་སྡུག་ཆེ་སར་སླེབས་པ་ལྟ་བུ་ཡོང་རྒྱུ་རེད།”
བུད་མེད། “བདག་ལ་དེ་ལྟར་མི་དགོས། ཐུགས་རྗེ་ཆེ།”
བྱིས་པ་ཆུང་ཆུང་དེས་འཛུམ་དམུལ་དམུལ་ངང་ཁ་པར་མར་བཞག །ཚོང་བདག་དེས་སྐད་ཆ་ཚང་མ་གོ་རྗེས་བྱིས་པ་དེའི་གམ་དུ་སོང་སྟེ། “བུ། ང་ཁྱོད་ཀྱི་བློ་བརྟན་འགྱུར་མེད་ཀྱི་ངང་ཚུལ་དང་། ལྷག་བསམ་རྣམ་དག་གི་རྣམ་འགྱུར་དེ་ལ་དགའ། ངས་ཁྱོད་ལས་ཀ་སྤྲད་ཆོག” ཅེས་བཤད།
བྱིས་པ། “ཐུགས་རྗེ་ཆེ་སྦྱིན་བདག་ལགས། འོན་ཀྱང་ང་ལ་ལས་ཀ་མི་དགོས།”
ཚོང་བདག “འོན་ཀྱང་ད་ལྟ་ཁྱོད་ཀྱིས་བུད་མེད་དེར་ལས་ཀའི་རེ་འདུན་ཞུས་སོང་། ད་མི་དགོས་དོན་ཅི་རེད།”
བྱིས་པ། “སྦྱིན་བདག་ལགས། ངས་རང་ཉིད་ཀྱི་ལས་གནས་ཐོག་རང་ཉིད་ལ་རིན་ཐང་ཇི་ཙམ་ཡོད་མེད་བརྟག་དཔྱད་བྱས་པ་ཙམ་ཡིན། ད་ཅི་ངས་ཁ་པར་བརྒྱག་ས་དེ་ངའི་ལས་ཀ་བྱ་སའི་སྦྱིན་བདག་རེད།” ཅེས་བཤད་པ་ན་ཚོང་བདག་དེ་ཧང་སང་བར་གྱུར་རོ།།
Comments