དྲ་གྲོགས་ཤིག་དྲན་ཚུལ།

རེ་བ་བཟང་ས་ཞིག་གི་སྣེ་མོ་ལ་འཇུས་ཏེ།
ལྗིད་ཏིག་གི་ཁུར་པོ་དེ་ལྟར་ཕྲག་ཏུ་བླངས་པའི་ཁྱོད།
ཉིགྲངས་རེ་རེ་བཞིན་ཐོ་ཡིག་ཏུ་འགོད་ཀྱིན།
རྐང་ཐང་མར་མདུན་དུ་སྐྱོད་དུས།
དགའ་སྡུག་གི་སེམས་གཏམ་རེ་རེ་བཞིན་དྲ་ངོས་སུ་བཤད་མྱོང་།


སྐབས་ལ་ལར། ཁ་བརྡ་ཞིག་གི་ཁྲོད་ནས།
ཁྱེད་རང་དགོད་མྱོང་ཞིང་།
སྙག་ངག་གི་སེང་ནས་ངུ་མྱོང་བའང་ཉུང་ཉུང་དེ་བས་མིན།
འོན་ཀྱང་། རྐང་ཟུང་གི་འགྱུ་བའི་རུས་ཚིགས་ན།
དྲང་བདེན་ཟེར་བའི་རྩ་དཀྱུས་ཤིག་ནར་གྱིས་རྒྱུག་པས།
ཁྱོད་ཀྱིས་གོམ་པ་གང་དལ་དུ་གཏོང་མ་མྱོང་།

ཁྱོད་ཀྱིས་བཞག་པའི་རྐང་རྗེས་རེ་རེ་ནི།
རང་ཉིད་ཀྱི་ལོ་རྒྱུས་རིང་མོ་ཞིག་གི་རྒྱུ་ཆ་ཡིན་ནམ།
ཡང་ན། རྩ་རྐྱང་རུས་རྐྱང་གི་འཇིག་རྟེན་འདིར་རྒོལ་ཕྱིར་ཡིན།
མིན། རྐང་རྗེས་དེ་དག་ནི་ལ་རྒྱ་དང་།
དུངས་བ་ཞིག་གི་རི་མོ་ཡིན་པས།
ཁྱོད་ཀྱིས་ང་ཚོར་བཞག་པའི་སྡོམ་ཚིག་ནན་མོ་ཞིག་ཡིན་ངེས།

གང་ལྟར། ཁྱོད་ཀྱིས་འཇིག་རྟེན་འདིའི་གྲུ་ཟུར་ཞིག་ཏུ།
དགོད་སྒྲ་དང་ངུ་ངག་མཐའ་དག་རྒྱབ་ཏུ་བསྐྱུར་ནས།
ཕྱི་མ་དང་ད་ལྟ་གང་ཞིག་གི་སྒོ་དྲུང་ན་ཡོད་མི་ཤེས་པར།
ཁུ་སིམ་སིམ་ངང་དེ་ལྟར་བུད་སོང་།
                                                  ༢༠༡༣།༠༨།༠༧ ཉིན།





Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།