བརྩེ་དུངས་ཤིག་གི་འགོ་མཇུག

དགའ་གྲོགས་མར་བྲིས།
ཐོག་མར་འུ་གཉིས་ཀྱིས་ངོ་ཤེས་དུས་ངོ་མ་ཆུང་ཆུང་རེད། ཁྱོད་ཀྱིས་ཉམ་ཆུང་བའི་རང་གཤིས་དེའི་འོག་ནས་མིག་ཟུང་གིས་ང་ལ་ཅེར་ཞིང་། ཅི་ཞིག་སྨྲ་འདོད་པ་ལྟར་འཛུམ་ཐེངས་རེར་བདག་གི་སེམས་པ་རྩད་ནས་བྲུས་རྐྱེན། བདག་གིས་ཀྱང་རང་ཚུགས་ཤོར་བ་ལྟར་ཁྱོད་ལ་ཅི་ཞིག་བཤད་རྒྱུ་བཙལ་མྱོང་། འོན་ཀྱང་ཆེས་ཐོག་མའི་སྐད་ཆ་དེས་བདག་གི་མགོ་བོ་རྨོངས་སུ་བཅུག་པ་ནི་ཁྱོད་ཀྱི་བླུ་འདྲིད་ཅིག་མིན་ནམ།
            ཟུར་ཁྲིད་ཅེས་པའི་ཐ་སྙད་དེས་འུ་གཉིས་ཀྱི་ཁོར་ཡུག་ཆུང་ཆུང་ཞིག་ཏུ་བཏང་། ཉིན་ལྟར་དཔེ་དེབ་རེ་ལག་ཏུ་བཟུང་ཡང་གླེང་རྒྱུ་ཡོད་ཚད་དགའ་ཕྱོགས་དང་ཉེས་ཕྱོགས་ཡིན། སྐབས་དེ་ནས་ཁྱོད་རང་གླུ་དབྱངས་ལ་དགའ་བ་བདག་གིས་རྟོགས་ཡོད་ལ། ང་རང་སྙན་ངག་ལ་དགའ་བ་ཡང་ཁྱོད་ཀྱིས་ཤེས་ཡོད། སེམས་པ་ཆུང་ཆུང་དེ་གཉིས་དལ་གྱིས་མཉམ་དུ་སྦྲེལ་བས། ཁྱོད་ཀྱིས་སྙན་ངག་བྲིས་པ་བདག་གི་ཆེད་དང་། བདག་གིས་གླུ་དབྱངས་བླངས་པ་ཡང་ཁྱོད་ཀྱི་ཆེད་དུ་གྱུར།

            ལོ་ཟླ་དང་ཉིན་ཞག་གི་ཁྲོད་ནས་འུ་གཉིས་ཀྱི་བརྩེ་བ་ཚུགས་ཤིང་།  འཛུམ་མདངས་དང་དགོད་སྒྲའི་ཀློང་ནས་འུ་གཉིས་ཀྱི་དུངས་བ་རྒྱས། སྐྱིད་གཅིིིིིག་ཡོད་ན་མཉམ་གྱིས་དགོད་ཅིང་། སྡུག་གཅིག་འཕྲད་ན་མཉམ་གྱིས་ངུ་། ད་དུང་མཉམ་དུ་གློག་བརྙན་ལ་བལྟས་ཤིང་། མཉམ་དུ་སྤྲོ་འཆམ་དུ་སོང་བ་དེ་དག་ད་ལྟ་ཡིད་ལ་དྲན་ན་ངོ་མ་སྐྱིད་ཅིག་རེད།
            ང་དང་ཁྱོད་ཟེར་བའི་ཚིག་འབྲུ་གཉིས་ཀྱིས་འུ་གཉིས་ཕྲལ་མ་ཐུབ་ཅིང་། ཁ་ངན་དང་ཚིག་ངན་འགའ་ཡིས་འུ་གཉིས་ལ་གནོད་མ་ཐུབ། ཕ་མ་དང་སྤུན་ཉེའི་ཁ་བརྡས་འུ་གཉིས་དཀྲུག་མ་ཐུབ་ཅིང་། དགེ་རྒན་གྱི་སློབ་གསོ་རིག་པས་འུ་གཉིས་དཀྲོག་མ་ཐུབ། གྲོགས་པོ་དང་གྲོགས་མོའི་སེམས་པས་ང་གཉིས་དབྱེ་མ་ཐུབ་ཅིང་། འབྱོར་ལྡན་ཚོའི་སྒོར་མོ་དེ་ཚོས་འུ་གཉིས་གཏོར་མ་ཐུབ། ཚིག་གཅིག་ཡོད་པ་ནི་འུ་གཉིས་རེད་ལ། རྨི་ལམ་ཞིག་ཡོད་པ་ནི་འུ་གཉིས་ཀྱིས་ཁྱིམ་གཞིས་དྲོན་མོ་ཞིག་བསྐྱང་རྒྱུ་རེད་ཨང་།
               ད་ཆ། སེམས་པ་ཆུང་ཆུང་དེ་གཉིས་ནར་སོན་ཞིང་། ཁོར་ཡུག་ཆུང་ཆུང་དེ་ཆེར་པོར་གྱུར་སོང་།  ཁྱོད་ཀྱིས་སྙན་ངག་འབྲི་བ་མཚམས་ཆད་འདུག་ལ། བདག་གིས་གླུ་དབྱངས་ལེན་པ་ཉུང་དུ་ཕྱིན་འདུག །སྐྱིད་གཅིག་ཡོད་ན་དགོད་གྲོགས་མེད་ཅིང་། སྡུག་གཅིག་འཕྲད་ན་ངུ་རོགས་མེད་པར་གྱུར།
གློག་བརྙན་ཞིག་ལ་ཁ་དོག་མིན་འདུག་ཅིང་། སྤྲོ་འཆམ་ཞིག་གི་མཛེས་སྡུག་ཡལ་འདུག །རྨི་ལམ་ཞིག་གི་རྩ་བ་རུལ་ཟིན་པ་འདྲ། འུ་གཉིས་ཟེར་བའི་ཚིག་འབྲུ་འདི་སྐམ་ཟིན་པ་འདྲ། ཁ་བརྡ་ཞིག་གི་ཁྲོད་ན་ཚིག་ངན་འདུག་ བསླབ་བྱ་ཞིག་གི་སྙིང་པོ་ཁ་ངན་རེད་ སྙིང་གཏམ་ཞིག་བཤད་ན་དུས་ཚོད་མེད་ དགོད་སྒྲ་ཞིག་བསླངས་ན་ཉོབ་ཀྱི་  
དེ་ནི་འུ་གཉིས་ཀྱི་བརྩེ་བ་སྟེ། ཆུང་ཆུང་ཞིག་ཆེན་པོ་ཆགས་པའི་གཏམ་རྒྱུད་རེད་ལ། ཆེན་པོ་ཞིག་ཆུང་ངུར་གྱུར་བའི་གོ་རིམ་རེད།  གླག་མོ་ཞིག་གཤོག་རྩལ་རྒྱས་ནས་ནམ་འཕང་གཅོད་རན་དུས།  གླག་རྒོད་གཅིག་གི་གཤོག་པ་བྲག་ཁར་བརྡབས་ནས་ས་ལ་ལྷུང་པའི་གཏམ་རྒྱུད་རེད། འོན་ཀྱང་བདག་གིས་ཁྱོད་ལ་འཁང་ར་མི་བྱེད། བདག་གིས་ཁྱོད་ལ་དགོངས་དག་ཞུ། མི་ལོ་དེ་དག་གི་རིང་ཁྱོད་ལ་བདེ་སྐྱིད་ཅིག་སྤྲོད་མ་ཐུབ་པར་དགོངས་དག་ཞུ།།

                                    ༢༠༡༣།༠༨།༡༥ ཉིན་དགའ་གྲོགས་མར་ཁ་པར་ཞིག་བརྒྱབ་རྗེས་ཤར་མར་བྲིས།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།