ཁུག་མའི་ནང་དུ་ལུས་པའི་བརྩེ་དུངས།
རྩོམ་པ་པོ་མི་གསལ།
གྲང་ངར་ཧ་ཅང་ཆེ་བའི་ཉིན་ཞིག་ང་རང་ཁྱིམ་དུ་ལོག་སྐབས་ལམ་བར་ནས་གཞན་གྱི་བོར་བརླག་སོང་བའི་ཁུག་མ་ཞིག་ལ་རྡོག་ཐོ་ཐེབས་སོང་། ངས་ཡར་བླངས་ཏེ་ངོ་སྤྲོད་འདྲ་ཡོད་ན་ཕྱིར་སློག་ཐུབ་ངེས་སྙམ་ཞིང་ནང་ལ་བལྟས། འོན་ཀྱང་ཁུག་མ་དེའི་ནང་ཨ་སྒོར་གསུམ་དང་། ལོ་མང་སྔོན་ནས་བྲིས་པ་འདྲ་བའི་ཡི་གེ་ཧྲལ་པོ་ཞིག་ལས་གཞན་ཅི་ཡང་མི་འདུག།
ཡིག་སྐོགས་ཟད་ནས་དེའི་ཐོག་མཐོང་ཐུབ་པ་ནི་གཏོང་མཁན་གྱི་ཁ་བྱང་གཅིག་པུ་རེད། ངས་ཡི་གེ་དེའི་ནང་ནས་ཁུངས་རྟགས་ཤིག་རྙེད་རྒྱུར་རེ་ཞིང་ཁ་ཕྱེ་འགོ་བརྩམས། དེ་རྗེས་ངས་མཐོང་བ་ནི་ཕྱི་ལོ་ ༡༩༢༤ འཁོད་པའི་ཚེས་གྲངས་དེ་རེད། ཡི་གེ་དེ་ཕལ་ཆེར་ལོ་ངོ་ ༦༠ གོང་དུ་བྲིས་པ་ཞིག་རེད་འདུག།
མཐིང་ཚོན་གྱིས་བྲིས་པའི་བུད་མེད་ཀྱི་ཡིག་གཟུགས་ཤིག་གི་ཐོག་གཡོན་ཕྱོགས་སུ་མེ་ཏོག་ཆུང་ཆུང་ཞིག་ཀྱང་སྦྱར་འདུག། (བརྩེ་བའི་ཇྷོན་)ཟེར་བ་ལྟ་བུའི་མཛའ་ཡིག་ཅིག་ཡིན་པ་ལས་གཏོང་ཡུལ་ཤེས་སུ་བཅུག་སོང་།
གང་གི་མིང་མའི་ཁེལ་ཡིན་པ་དང་། སྐབས་དེར་ཡི་གེ་འབྲི་མཁན་ལ་མ་ཡུམ་གྱིས་བཀག་འགོག་ཆེན་པོ་ཡོད་རྐྱེན་ཁོ་པ་མཐོང་མི་ཐུབ་པར་གྱུར་ཡོད་འདུག །འོན་ཀྱང་ཁོ་མོས་ནམ་ཡང་ཁོ་ཕར་དགའ་རྒྱུ་ཡིན་ཞེས་བྲིས་ཤིང་། མཇུག་མཐར་ཧ་ནཧ་ཞེས་པའི་མིང་རྟགས་ཤིག་ཀྱང་བཀོད་འདུག
ཡི་གེ་དེ་ཡིད་དུ་འོང་བ་ཞིག་རེད་ཀྱང་དེའི་ཐོག་མེ་ཁེལ་ཟེར་བའི་མིང་དེ་ལས་གཞན་དོ་བདག་གི་ངོ་སྤྲོད་གང་ཡང་མེད།
ངས་གནས་ཚུལ་དྲི་ཞིབ་ཁང་ལ་ཁ་པར་ཞིག་བརྒྱབ་ན་ཁོ་ཚོར་ཁ་བྱང་དེའི་ཐོག་ཁ་པར་ཨང་གྲངས་ཤིག་ཡོད་སྲིད་སྙམ་བྱུང་།
“འབྲེལ་མཐུད་པ་ལགས།” ངས་འགོ་བརྩམས། “འདི་རྒྱུན་ལྡན་མིན་པའི་རེ་བ་ཞིག་ཡིན། ངས་ལམ་བར་ནས་བརྙེས་སོན་བྱུང་བའི་ཁུག་མ་ཞིག་གི་དོ་བདག་རྩད་གཅོད་ཐབས་བྱེད་ཀྱི་ཡོད། ཡིག་སྐོགས་སྟེང་གི་ཁ་བྱང་འདིའི་ཐོག་ཁ་པར་ཨང་གྲངས་ཤིག་ཡོད་མེད་འཚོལ་ཐབས་ཨེ་ཐུབ།།”
མོས་ང་ལ་ཁོ་ཚོའི་འགོ་འཛིན་ལ་སྐད་ཆ་ཤོད་དགོས་པའི་བསམ་ཚུལ་བཤད་བྱུང་། (འགོ་འཛིན་མ་) དེས་ཅུང་ཐེ་ཚོམ་དང་བཅས་ “ལེགས་སོ། ཁ་བྱང་དེའི་ཐོག་ཁ་པར་ཨང་གྲངས་ཤིག་འདུག །འོན་ཀྱང་ཁྱོད་ལ་(ཐད་ཀར་)སྤྲོད་མི་ཐུབ་”ཟེར། ལུགས་མཐུན་ལྟར་མོས་ཨང་གྲངས་དེའི་ཐོག་ཁ་པར་བརྒྱབ་ནས་ངའི་གནད་དོན་དོ་བདག་ལ་བཤད་རྗེས་དོ་བདག་གིས་ང་ལ་འབྲེལ་བ་བྱ་འདུན་ཡོད་ན་ཁ་པར་ཕྱིར་མཐུད་ཡོང་ཞེས་བཤད།
ངས་དུས་ཡུན་སྐར་མ་ཁ་ཤས་ཤིག་བསྒུགས་རྗེས་བུད་མེད་དེ་སླར་ཁ་པར་ཐོག་ཐོན་ནས་ “འདི་ན་ཁྱོད་ལ་སྐད་ཆ་བཤད་འདོད་པའི་མི་ཁ་ཤས་ཤིག་ཡོད།” ཟེར།
ངས་ཁ་པར་གྱི་སྐུད་སྣེ་གཞན་དེར་ཡོད་པའི་བུད་མེད་དེར་ཧ་ནཧ་ཟེར་བའི་བུད་མེད་གཅིག་ཤེས་ཀྱི་ཡོད་མེད་དྲིས་པར། མོས་དབུགས་རིང་ཞིག་འབྱིན་ཞོར་ “ཨ་ལེ། ང་ཚོས་ཁང་པ་འདི་མི་ཚང་ཞིག་ལས་ཉོས་པ་ཡིན། མི་ཚང་དེར་མིང་ལ་ཧ་ནཧ་ཟེར་བའི་བའི་བུ་མོ་ཞིག་ཡོད་རེད། འོན་ཀྱང་དེ་ལོ་ངོ་ ༣༠ སྔོན་གྱི་སྐད་ཆ་རེད།” ཟེར། ངས་ “ཁྱེད་རང་གིས་ཁོ་ཚོ་ད་ལྟ་གང་དུ་གནས་འདུག་ཡོད་མེད་ཨེ་ཤེས།”ཞེས་དྲིས་པར།
བུད་མེད་དེས་“ངས་དྲན་ཚོད་ལ་ལོ་ཤས་སྔོན་ཧ་ནཧ་ཡིས་མོ་རང་གི་ཨ་མ་ནད་གསོ་ཁང་ཞིག་ལ་བསྐྱལ་བ་ཡོད།” “གལ་སྲིད་ཁྱེད་རང་གིས་ནད་གསོ་ཁང་དེར་འབྲེལ་བ་བྱ་ཐུབ་ན་ཁོ་ཚོས་བུ་མོ་དེ་གང་དུ་ཡོད་མེད་ཤེས་ཀྱི་ཡོད་ངེས་’’ཟེར།
མོས་ནད་གསོ་ཁང་དེའི་མིང་བཤད་རྗེས་ངས་ཁོ་ཚོའི་ཨང་གྲངས་ཐོག་ཁ་པར་ཞིག་བརྒྱབ།
ཁོ་ཚོས་ང་ལ་སྐྱེད་དམན་དེ་ལོ་ཤས་སྔོན་ནས་འདས་ཟིན་ཚུལ་བཤད་བྱུང་། སྟབས་ལེགས་པ་ཞིག་ལ་ཁོ་ཚོར་བུ་མོ་དེ་ད་ལྟ་གང་དུ་ཡོད་ངེས་པའི་ས་གནས་ཀྱི་ཁ་པར་ཨང་གྲངས་འདུག
།ངས་ཁོ་ཚོར་ཐུགས་རྗེ་ཆེ་ཞུས་རྗེས་ཨང་གྲངས་ཐོག་སྣུན་འགོ་བརྩམས། ཁ་པར་ལན་སྟེར་མཁན་བུད་མེད་ཞིག་གིས་ང་ལ་ཧ་ནཧ་མོ་རང་ཡང་ད་ལྟ་ནད་གསོ་ཁང་ཞིག་ཏུ་ཡོད་པའི་གནས་ཚུལ་བཤད།
མཚམས་དེར་ངས་རང་ལ་ཨ་སྒོར་གསུམ་དང་ལོ་ངོ་ ༦༠ སྔོན་ལ་བྲིས་པའི་ཡི་གེ་ཧྲལ་པོ་ཞིག་ལས་མེད་པའི་ཁུག་མ་ཞིག་གི་བདག་པོ་རྩད་གཅོད་རྒྱུར་དཀའ་ལས་འདི་འདྲ་ཞིག་རྒྱག་པ་ནི་གླེན་རྟགས་རང་རེད་ཨང་སྙམ་བྱུང་།
དེ་ལྟ་ནའང་ངས་ཧ་ནཧ་གནས་སྡོད་བྱེད་སའི་ནད་གསོ་ཁང་དེར་ཁ་པར་ཞིག་བརྒྱབ་པར་སྐྱེས་པ་ཞིག་གིས་ལན་སྦྱིན་སོང་ “རེད། ཧ་ནཧ་ད་ལྟ་ང་ཚོ་མཉམ་དུ་སྡོད་ཀྱི་ཡོད་རེད།”
སྐབས་དེར་ཆུ་ཚོད་དགོང་དྲོའི་ཆུ་ཙོད་ ༡༡ ཟིན་འདུག འོན་ཀྱང་ངས་ཁོང་ལ་ང་མོ་རང་ཐུག་ཏུ་ཡོང་ན་འགྲིག་མིན་དྲིས་པར། ཁོང་གིས་ཅུང་ཐེ་ཙོམ་དང་བཅས་ “ལགས།” “གལ་སྲིད་ཁྱེད་རང་ད་ལྟ་ཕེབས་ན་མོ་རང་ཉིན་ཁང་དུ་བརྙན་འཕྲིན་ལྟ་བཞིན་ཡོད་རྒྱུ་རེད།”ཟེར། ངས་ཁོང་ལ་ཐུགས་རྗེ་ཆེ་ཟེར་ཞོར་སྣུམ་འཁོར་ནད་གསོ་ཁང་དེའི་ཕྱོགས་སུ་བསྐོར།
ནད་གསོ་ཁང་དེའི་མཚན་སྡོད་སྨན་ཞབས་མ་ཞིག་དང་སྒོ་སྲུང་ཀྱིས་ང་རང་ལ་འཚམས་འདྲི་བྱས་ཤིང་། ང་ཚོ་ཁང་པ་ཆེན་པོ་ཞིག་གི་ཐོག་བརྩེགས་གསུམ་པར་ཕྱིན། ཉིན་ཁང་དུ་ཐོན་རྗེས་སྨན་ཞབས་མ་དེས་ང་རང་ཧ་ནཧ་ལ་ངོ་སྤྲོད་བྱས་སོང་།
མོ་རང་གཤིས་རྒྱུད་བཟང་ཞིང་མགོ་སྐྲ་སེར་ལ་སྔོན་དུས་ཀྱི་བཟོ་ལྟ་ཅན། སྤྲ་སེམས་ཀྱི་མཛུམ་མདངས་ལྡན་ཞིང་མིག་ཟུང་ཁྲ་ལྷམ་ལྷམ་ཡོད་པ་ཞིག་རེད། ངས་གནས་ཚུལ་ཆ་ཚང་འཆད་ཀྱིན་བརྙེས་སོན་བྱུང་བའི་ཁུག་མ་དེ་མོ་ལ་བསྟན་པ་ཡིན། མོས་མཐིང་ཚོན་གྱིས་བྲིས་པའི་ཡི་གེ་དང་དེའི་གཡོན་ཕྱོགས་སུ་ཡོད་པའི་མེ་ཏོག་ཆུང་ཆུང་དེ་མཐོང་རྗེས།
དབུགས་རིང་ཞིག་འབྱིན་ཞོར་ “གཞོན་པ། ཡི་གེ་འདི་ངས་མའི་ཁེལ་ལ་འབྲེལ་བ་བྱས་པ་མཐའ་མ་དེ་རེད།”ཟེར།
དེ་རྗེས་མོ་རང་གིས་རྒྱང་རིང་ཞིག་ལ་བལྟས་ནས་བསམ་བློ་ཡུན་རིང་བཏང་རྗེས། ངག་འཇམ་པོས་ “ང་ཁོང་ལ་ཞེ་དྲགས་དགའ་པོ་ཡོད། འོན་ཀྱང་སྐབས་དེར་ང་རང་ལོ་བཅུ་དྲུག་ལས་སོན་མེད་པས་ཨ་མས་ང་རང་ལོ་ན་ཆུང་འདུག་སྙམ་པ་རེད། ཨ་ཙི་་་། ཁོང་དངོས་གནས་རྫིག་པོ་ཡོད། ཁོང་གློག་བརྙན་འཁྲབ་མཁན་སིན་ཁོ་ན་རི་འདྲ་པོ་ཡོད་རེད་་་་་་་་” “རེད་ཡ།” མོས་མུ་མཐུད་བྱུང་། “མའི་ཁེལ་གྷོལ་ཌ་སི་ཊན་མི་ཡག་པོ་ཞིག་ཡོད། གལ་སྲིད་ཁྱེད་རང་གིས་ཁོང་བརྙེས་ན་ངས་ད་དུང་ཡང་ཁོང་སེམས་ཀྱིན་འདུག་ཅེས་བཤད་རོགས་་་་་་”ཟེར་བཞིན་ཅུང་ཐེ་ཚོམ་ངང་མཆུ་ཏོར་སོ་བཏབ། “ཁོང་ལ་ངས་ད་དུང་ཁོང་ལ་དགའ་གི་འདུག་ཟེར་རོགས། ཁྱེད་ཀྱིས་ཤེས་ཀྱི་ཡོད་པས་་་་་་” མོས་འཛུམ་མདངས་ཤིག་སྟོན་བཞིན་མིག་ཟུང་མཆི་མས་ཁེངས་སོང་། “ངས་ད་ལྟ་བར་གཉེན་སྒྲིག་བྱས་མེད། ངའི་བསམ་པར་མའི་ཁེལ་ལ་ཡང་འདུག་གྲོགས་རན་པ་ཞིག་རག་ཡོད་རྒྱུ་མ་རེད་སྙམ་གྱི་ཡོད།”
ངས་ཧ་ནཧ་ལ་ཐུགས་རྗེ་ཆེ་དང་ག་ལེར་བཞུགས་ལབ་རྗེས། སྐས་འདེགས་འཕྲུལ་འཁོར་བརྒྱུད་ཤོད་ཐོག་ཏུ་བསླེབས། སྒོ་ཁ་དེར་ཏོག་ཙམ་ལང་སྡོད་སྐབས། སྒོ་སྲུང་བ་དེས་ “མོས་ཁྱེད་རང་ལ་རོགས་པ་བྱེད་ཐུབ་སོང་བས།” ཅེས་དྲིས་བྱུང་། ངས་ཁོ་པར་ “མོས་ང་ལ་ལམ་ཞིག་བསྟན་སོང་།” ཞེས་བཤད་པ་ཡིན། ངས་“ཉིན་གང་པོ་དེའི་རྗེས་ལ་བརྒྱུགས་ནས་ད་ལྟ་མི་དེའི་མིང་མཐའ་མ་ཡང་ཐོབ་པ་རེད། ད་གནད་དོན་དེ་ཏོག་ཙམ་བཞག་ན་”སྙམ་བྱུང་།
ངས་ཁུག་མ་དེ་ཕྱིར་བཏོན་པ་ཡིན། ཁ་མདོག་རྒྱ་སྨུག་དཀྱུས་མ་ཅན་ཞིག་གི་ཐོག་མཐའ་ལྕགས་དམར་པོ་ཡོད་པ་ཞིག་རེད། སྐབས་དེར་སྒོ་སྲུང་བ་དེས་(ཁུག་མ་)མཐོང་མ་ཐག་་ “ཨ་རོགས། སྐར་མ་གཅིག་སྒུག་དང་། ཁུག་མ་དེ་སྐུ་ཞབས་གྷོལ་ཌ་སི་ཊན་གྱི་རེད། ངས་མཐའ་ལྕགས་དམར་པོ་དེ་ལས་དྲན་གསོས་ཀྱི་འདུག །ཁོང་གིས་རྒྱུན་པར་ཁུག་མ་དེ་བོར་བརླག་གཏོང་གི་རེད།
ངས་ཚོམས་ཆེན་ནང་ནས་ཐེངས་གསུམ་ལ་བརྙེས་མྱོང་།”ཟེར།
“སྐུ་ཞབས་གྷོལ་ཌ་སི་ཊན་ཟེར་ན་སུ་རེད།” ངས་ལག་པ་འདར་བཞིན་ཁོ་ལ་དེ་ལྟར་དྲིས།
ཁོས་ “ཁོང་ཐོག་བརྩེགས་བརྒྱད་པར་བཞུགས་མཁན་རྒས་པོ་ཞིག་རེད། ཁུག་མ་དེ་དངོས་གནས་ཁོང་གི་རེད། ཕལ་ཆེར་ཁོང་ཕྱིར་འཆམ་འཆམ་ལ་སྐྱོད་སྐབས་བོར་སོང་བ་ཡིན་རྒྱུ་རེད།” ཟེར། ངས་ལམ་སེང་སྒོ་སྲུང་བར་ཐུགས་རྗེ་ཆེ་ཞུས་ཤིང་ཕྱིར་སྨན་ཞབས་མའི་ལས་ཁུངས་སུ་བརྒྱུགས་པ་ཡིན། མོ་ལ་སྒོ་སྲུང་བའི་སྐད་ཆ་ཚང་མ་བཤད་རྗེས་ངེད་གཉིས་མཉམ་དུ་སྐས་འདེགས་འཕྲུལ་འཁོར་ཐོག་བསྡད། ངས་སྐུ་ཞབས་ཁོང་ད་དུང་བཞེངས་ནས་ཡོད་རྒྱུར་སྨོན་ལམ་ཡང་བཏབ་པ་ཡིན།
ཐོག་བརྩེགས་བརྒྱད་པར་ཐོན་རྗེས་སྨན་ཞབས་མ་གཞན་ཞིག་གིས་ “ཁོང་ད་ལྟ་ཉིན་ཁང་དུ་འདུག །ཁོང་དཔེ་དེབ་བཀླག་རྒྱུར་སྤྲོ་བའི་རྒན་པོ་དགའ་བོ་ཞིག་རེད།”ཅེས་བཤད་བྱུང་། ངེད་གཉིས་གློག་ཡོད་སའི་ཁང་པ་དེར་འཛུལ་མ་ཐག་སྐྱེས་པ་ཞིག་དཔེ་དེབ་ཀློག་གིན་པ་མཐོང་།
སྨན་ཞབས་མས་འགྲམ་དུ་ཕྱིན་ནས་ཁོང་ལ་ཁུག་མ་བརླག་མིན་དྲིས་སོང་བར། སྐུ་ཞབས་གྷོལ་ཌ་སི་ཊན་གྱིས་ཧང་སངས་པོས་ཡར་ལྟ་ཙམ་བྱས་རྗེས་ལག་པ་རྒྱབ་ཀྱི་ཨམ་ཁུག་ནང་བཅུག་ནས་
“ཨ་ཙི། ད་དེ་བརླག་འདུག་”ཅེས་བཤད།
“མི་དྲིན་ཆེན་འདིར་ཁུག་མ་ཞིག་བརྙེས་འདུག
།ང་ཚོས་དེ་ཁྱེད་རང་གི་རེད་སྙམ་བྱུང་།”སྨན་ཞབས་མས་དེ་ལྟར་བཤད།
ངས་ཁུག་མ་དེ་སྐུ་ཞབས་གྷོལ་ཌ་སི་ཊན་ལ་སྤྲད་པར་ཁོང་གིས་ལེགས་པར་བལྟས་རྗེས།
དབུགས་རིང་ཞིག་དང་ལྷན་འཛུམ་མདངས་རྒྱས་བཞིན་ “རེད། དེ་རེད། ཕལ་ཆེར་དེ་རིང་ཉིན་རྒྱབ་ཟག་པ་ཡིན་ས་རེད།
ངས་ཁྱོད་ལ་བརྔན་པ་ཞིག་སྟེར།”ཟེར།
“མི་དགོས། ཐུགས་རྗེ་ཆེ། ཡིན་ན་ཡང་ཁྱེད་རང་ལ་གཅིག་བཤད་རྒྱུར།
ངས་ཁུག་མ་དེའི་བདག་པོ་རྙེད་རྒྱུའི་ཆེད་ནང་གི་ཡི་གེ་དེ་བཀླགས་པ་ཡིན།” ངས་དེ་ལྟར་བཤད་མ་ཐག་ཁོང་གི་འཛུམ་མདངས་ཡལ་ཞིང་
“ཁྱེད་རང་གིས་ཡི་གེ་དེ་བཀླགས་ཡིན་པས།”ཞེས་དྲིས་བྱུང་།
“ང་གཅིག་བུ་མིན་་་་་་། ངས་ད་དུང་ཧ་ནཧ་གང་དུ་ཡོད་མེད་ཀྱང་ཤེས།”ཞེས་བཤད་པར།
ལམ་སང་ཁོང་གིས་ངོ་གདོང་སྐྱ་བོར་གྱུར་ཞིང་
“ཧ་ནཧ། ཁྱེད་ཀྱིས་མོ་རང་གང་དུ་ཡོད་པ་ཤེས་ཀྱི་ཡོད་པས། མོ་རང་བདེ་པོ་རེད་པས། མོ་རང་སྔོན་མ་བཞིན་མཛེས་མར་བསྡད་འདུག་པས།
སྐུ་མཁྱེན། སྐུ་མཁྱེན་བདག་ལ་ཤོད་དང་།”ཞེས་ཞུ་བ་བྱས་བྱུང་། “མོ་རང་བདེ་པོ་རེད་ལ། སྔར་ཁྱེད་རང་གཉིས་ཐུག་དུས་སྐབས་ལྟར་མཛེས་མར་བསྡད་འདུག”ངས་དལ་པོའི་ངང་དེ་ལྟར་བཤད།
རྒས་པོ་དེས་འཛུམ་མདངས་ཤིག་སྟོན་གྱིན་རེ་སྒུག་ཆེན་པོའི་ངང་།
“ཁྱེད་རང་གིས་བདག་ལ་མོ་རང་གང་དུ་ཡོད་པ་བཤད་རོགས་དང་། བདག་གིས་སང་ཉིན་མོ་རང་ལ་ཁ་པར་རྒྱག་གི་ཡིན།”
ཁོང་གིས་ངའི་ལག་པ་དམ་པོར་འཇུས་སོང་། “སྐུ་ཞབས། ཁྱེད་ཀྱིས་གནད་དོན་གཅིག་ཤེས་ཀྱི་ཡོད་པས།
སྐབས་དེར་བདག་བུ་མོ་དེར་ཞེ་དྲགས་དགའ་པོ་ཡོད། འོན་ཀྱང་ཡི་གེ་དེ་འབྱོར་རྗེས་དོན་དངོས་ཐོག་བདག་གི་མི་ཚེ་མཇུག་རྫོགས་པ་ལྟ་བུར་གྱུར་སོང་།
བདག་གིས་ད་ལྟ་བར་གཉེན་སྒྲིག་བྱས་མེད། ངས་ནམ་ཡང་མོ་རང་ལ་དགའ་ནས་བསྡད་པ་ཡིན།”ཞེས་བཤད་བྱུང་།
“སྐུ་ཞབས་གྷོལ་ཌ་སི་ཊན་ལགས། ང་མཉམ་དུ་ཕེབས་དང་།” ངས་དེ་ལྟར་བཤད་རྗེས་ང་ཚོ་སྐས་འདེགས་འཕྲུལ་འཁོར་བརྒྱུད་ཐོག་བརྩེགས་གསུམ་པར་ཕྱིན། ཚོམས་ཆེན་ལ་འགྲོ་སའི་ལམ་བར་དེར་གློག་འོད་ཆུང་ཆུང་གཅིག་གཉིས་ལས་གཞན་ནག་ཁུང་རེད།
ཧ་ནཧ་ཁེར་རྐྱང་དུ་བརྙན་འཕྲིན་ལ་བལྟས་ནས་བསྡད་འདུག། སྨན་ཞབས་མས་ཧ་ནཧ་ཡི་འགྲམ་དུ་ཕྱིན་ནས་ང་དང་ལྷན་སྒོ་ཁར་སྒུག་ཡོད་པའི་མའི་ཁེལ་ལ་མཛུབ་མོ་ཞིག་སྟོན་བཞིན་ངག་དལ་པོས་
“ཧ་ནཧ། ཁྱེད་རང་གིས་མི་དེ་ཤེས་ཀྱི་ཡོད་པས།” ཞེས་དྲིས་སོང་།
(ཧ་ནཧ་)མོ་རང་གིས་མིག་ཤེལ་དེ་ལེགས་པོར་གྱོན་ཙམ་བྱས་ནས་དུས་ཡུན་ཁ་ཤས་རིང་ཚིག་གཅིག་ཀྱང་མ་བཤད་པར་བལྟས་ནས་བསྡད་པར།
མའི་ཁེལ་གྱིས་ངུ་སྐད་ལྷང་ལྷང་གིས་ “ཧ་ནཧ། ང་མའི་ཁེལ་ཡིན། ཁྱོད་ཀྱིས་ང་དྲན་གསོས་ཀྱི་འདུག་གམ།”
ཞེས་དྲིས།
མོ་རང་དངངས་པ་ལྟ་བུས་ “མའི་ཁེལ། ང་ཡིད་ཆེ་གི་མི་འདུག །མའི་ཁེལ།
ཁྱོད་ཡིན་པས། ངའི་མའི་ཁེལ།” ཞེས་བཤད་ཅིང་། མའི་ཁེལ་དལ་མོས་མོའི་མདུན་དུ་སོང་ནས་ཁོང་གཉིས་ཕན་ཚུན་འཁྱུད།
སྨན་ཞབས་མ་ངེད་གཉིས་ཟུར་དེར་མིག་ཟུང་ནས་མཆི་མ་བཞུར་དུ་བཅུག་སོང་།
“མཐོང་སོང་ངམ། ལས་ཡོད་ན་དཀོན་མཆོག་གིས་གཟིགས་ཀྱི་རེད། བྱ་བ་གང་ཡང་འདོད་ན་དངོས་སུ་གྲུབ་ངེས་རེད།”ངས་དེ་ལྟར་བཤད།
གཟའ་འཁོར་གསུམ་གྱི་རྗེས་སྨན་ཞབས་མ་དེའི་ལས་ཁུངས་ནས་ཁ་པར་ཞིག་ཐོན་བྱུང་།
“ཁྱེད་རང་གཟའ་ཉི་མའི་དུས་ཚོད་རྒྱས་བཅད་ཀྱིས་བག་སྟོན་ལ་ཕེབས་རོགས། ཧ་ནཧ་དང་མའི་ཁེལ་གཉེན་སྒྲིག་རྒྱུ་རེད།”
ཟེར།
བག་སྟོན་དེ་ངོ་མ་ངོ་མཚར་ལྡན་པ་ཞིག་རེད། དེ་ཉིན་ནད་གསོ་ཁང་གི་སྐྱེས་ཕོ་མོ་ཚང་མས་གཟབ་མཆོར་སྤྲས་ནས་བག་སྟོན་ཐོག་འཛོམས་ཡོད་ལ།
ཧ་ནཧ་ཡིས་སྣམ་དཀར་ཀྱི་གྱོན་གོས་ཤིག་གྱོན་པས་མཛེས་ཉམས་ལྡན་པ་ཞིག་ཏུ་གྱུར་ཞིང་། མའི་ཁེལ་གྱིས་གཟུགས་པོ་རིང་པོ་དེའི་ཐོག་གྱོན་ཆས་གཞི་འགྲིག་སྔོ་ནག་ཅན་ཞིག་གྱོན་ནས་མོའི་འགྲམ་ནས་ལང་འདུག།
ང་རང་ཁོང་གཉིས་ཀྱི་མག་གཡོག་བྱེད་དུ་བཅུག་སོང་།
དེ་རྗེས་ནད་གསོ་ཁང་གིས་ཁོང་གཉིས་ལ་ཤག་ཅིག་ལོགས་སུ་སྤྲད་འདུག
།གལ་ཏེ་ཁྱེད་རང་གིས་ལོ་ ༧༦ ཟིན་པའི་བག་མ་དང་ལོ་ ༧༩ ཟིན་པའི་མག་པ་གཉིས་ཀྱི་ན་གཞོན་ལྟ་བུའི་བྱེད་སྟངས་མཐོང་འདོད་ན་བཟའ་ཚང་འདི་མཐོང་ཐུབ་དགོས།
ལོ་ངོ་ ༦༠ རིང་ལ་གས་ཆགས་ཐེབས་པའི་བརྩེ་དུངས་ཤིག་ལ་མཐའ་མཇུག་ལེགས་པོ་ཞིག་བྱུང་བ་རེད།།
༢༠༡༣།༠༨།༢༥ ཉིན་ཟིན་པར་བསྒྱུར།
*མཆན། སྒྲུང་འདི་ལོ་སུམ་ཅུ་ཙམ་གྱི་གོང་དུ་བྲིས་པ་ཞིག་རེད་འདུག
།ཁ་བྱང་འདི་སྒྱུར་མཁན་གྱིས་སྦྱར་བ་ཡིན། གློག་མཁན་ཚོས་ཁ་བྱང་གང་འོས་པ་སྦྱར་ན་ཆོག།
Comments