སཱ་ར་ཎ་ཐའི་ཟིན་བྲིས།
སྦྲང་ཆར་ཟམ་ཟིམ་ཙམ་ཞིག་བབས་རྗེས་སུ།།
འདབ་གཤོག་ཅན་འགས་གླུ་ཆུང་ལེན་ལ་བྲེལ།།
དགོན་པའི་གསེར་གཡབ་འོག་གི་སྐད་སྒམ་དེས།།
ལྔ་སྡེའི་ཚོགས་ལ་འབོད་པའི་སྐད་བརྡ་སྙན།།
ལག་མགོ་ཕྲེང་བ་ཐོགས་པའི་གཞོན་ནུ་འགས།།
རྡོ་སྐུའི་མཐའ་ནས་སྐོར་བ་ཡང་ཡང་བྱེད།།
ཟང་ཟིང་འཇིག་རྟེན་ཞིག་གི་གླེང་ཞོར་དུ།།
ཡིག་དྲུག་རེ་ཙམ་ཁ་ནས་འདོན་པར་འབད།།
དར་གྱིས་ལུས་བོངས་བཅིངས་པའི་རྒན་མོ་འགས།།
སྡོང་པོ་ཞིག་ལ་མར་མེས་མཆོད་པ་བྱེད།།
སྡེར་མ་ཞིག་ནས་མེ་ཏོག་ཕུལ་བར་ཡང་།།
ཤོག་སྒོར་ཁྲི་ཚོ་འགའ་ཡི་རིན་ཐང་ཡོད།།
འཇིག་རྟེན་ལྷ་ལ་བཅོལ་བའི་སྐྱེས་བུ་འགས།།
མགྲིན་པ་གནམ་ལ་གཏད་ནས་ཀི་སྒྲ་འདེབས།།
དབུགས་ཀྱི་འགྱུ་བ་ཧད་ཧད་གྲགས་ཚུལ་ལའང་།།
ཚིག་འབྲུ་སྟོང་དང་མཉམ་པའི་གོ་བ་ལྡན།།
ཨ་གསར་ཆེ་བའི་མགོ་སེར་བུ་མོ་ཞིག།
པར་ཆས་ནང་ནས་འཇིག་རྟེན་མྱུལ་བའི་ཚེ།།
གོས་ཐུང་སྲབ་མོའི་འོག་གི་ཤ་རྩ་དེས།།
ཕོ་རློམ་ནག་རིལ་ཅན་ཚོར་ཟུག་རྔུ་སྦྱིན།།
ལམ་མཐའི་འདམ་སྙིགས་གོས་པའི་སྤྲང་པོ་འགས།།
མཐེ་བོ་གནམ་ལ་ཀེར་ནས་སློང་བའི་ཚེ།།
བསིལ་ལྷམ་རྟིང་ཙོག་ཅན་གྱི་འབྱོར་ལྡན་མ།།
སྣ་ལ་སྦར་མོ་བཀབ་ནས་བྲོས་ཚུལ་མཐོང་།།
ཁྲེའུ་ཆུང་སྟེང་གི་ཚོང་པ་སྐམ་པོ་འགས།།
གནམ་རྒན་མ་ཡི་ཉེས་རབས་འཆད་ཚུལ་དེས།།
བདག་གི་སྡོད་ཁྱིམ་འཇིག་རྟེན་གོར་མོ་འདི།།
གཏུག་ས་སྟོང་སང་ཡིན་པའི་ངེས་པ་བརྙེས།།
སྐོར་ལམ་ཞིག་གི་མཐོང་ཐོས་ལྟད་མོ་ཞིག།།
སེམས་ཀྱི་འགྱུ་བས་བཙིར་ནས་མ་བཞག་པས།།
ལག་འགོ་དལ་གྱིས་འགུལ་བའི་རང་ཚུགས་འདིས།།
མ་ཎི་ཞིག་གི་ཚབ་ཏུ་རི་མོར་བཀོད།།
༢༠༡༣།༠༨།༠༥ ཉིན།
Comments