འུ་གཉིས་ཀྱི་བརྩེ་བ་ཚུགས་ས།
དཔེ་དེབ་ལྗིད་མོ་ལག་འགོར་བཟུང་དུས་སྦྱོང་བ་བྱེད་པའི་བར་བར་ནས།།
འུ་གཉིས་ཕན་ཚུན་སྙིང་གཏམ་བཤད་ཀྱིན་བརྩེ་བ་ཞིག་གི་རྒྱ་རུ་ཚུད།།
བློ་སྙིང་མཆིན་གསུམ་སྦྲེལ་བ་ལྟ་བུའི་མཛའ་བརྩེའི་གཏམ་རྒྱུད་འདི་ན་བཞག།
དལ་གྱིས་རང་རང་ལམ་བུ་ཞིག་ནས་སོ་སོ་ཟེར་བའི་ཚིག་ཁ་བདམས།།
ལོ་ཟླ་མྱུར་གྱིས་འགྲོས་པའི་མཚམས་ནས་ང་རང་གནས་འདིའི་སྒོ་ཁར་ཐོགས།།
སྔོ་ལྗང་ཚོན་གྱིས་བྲིས་པ་ལྟ་བུའི་དྲན་པའི་ངོགས་ཀྱི་སྤང་ལྗོངས་འདིར།།
འུ་གཉིས་བརྩེ་བའི་རྗེས་རིས་ཨེ་ཡོད་ཡར་མར་ཀུན་ལ་ཞིབ་ཀྱིས་བལྟས།།
ཆུ་འམ་ཅི་ཡིས་གཤེར་བ་ལྟ་བུས་འདི་ནས་ཕྱེས་ཏེ་བསུབས་སམ་སྙམ།།
བྱིའུ་ཆུང་སྙན་སྒྲོག་གཤོག་འགྱུ་རྩེན་ཞིང་འཕྱོ་ལྡིང་བྱེད་པའི་འོག་གཤམ་ན།།
ཐང་ལི་1ཟུང་ཞིག་རྩྭ་རྩེ་འཐོག་གིན་འཐམ་འཁྱུད་རྩེ་དགའ་ད་དུང་བྱེད།།
སློབ་བུ་ཕོ་མོ་ལྕང་མར་བསྙེས་པའི་ཀློག་འདོན་སྒྲ་དབྱངས་སྔར་ལྟར་གྲག།
འུ་གཉིས་ཙོག་སའི་སྡོང་སྐམ་སྟེང་ན་རྩྭ་ངན་མང་པོས་འཚང་ནས་འདུག།
མེ་ཏོག་སྣ་ཚོགས་བྲོ་གར་ལྟ་བུས་ཡམ་ཡོམ་འགུལ་བའི་རྩེ་མོ་རུ།།
བུང་བ་འགའ་ཡིས་འུར་སྒྲ་དང་བཅས་ཟེའུ་འབྲུའི་ཐོག་ལ་འཕུར་ཞིང་ལྡིང་།།
ཕྱེ་མ་ལེབ་ཀྱི་མཛེས་སྡུག་ལྟད་མོ་སྒྱུ་འཕྲུལ་བཞིན་དུ་ད་དུང་གཡོ།།
འུ་གཉིས་དགའ་སའི་རྒྱ་སེ་དམར་པོ་དུས་ཀྱིས་བཅོམ་པས་ཞི་ཟིན་འདུག།
རྐང་སྣམ་མེད་པའི་བྱིས་པ་དེ་ཚོས་འབུ་སྲིན་བཟུང་ནས་རྩེ་བ་ལ།།
དུག་སྦྲང་གཙག་འབུས་ཡ་ལན་ཞིག་ལྟར་གཙེ་བའི་སྐྱོ་གདུང་ཆད་མི་འདུག།
རྩྭ་བྲེག་རྒན་མོའི་རྒུད་གཏམ་དེ་དག་ད་ལྟ་ད་དུང་རྫོགས་མི་འདུག།
འུ་གཉིས་དུངས་སའི་བུ་མོ་ཆུང་ཆུང་ད་ལྟ་གནས་ལ་ཆས་ཟིན་འདུག།
མེ་ལོང་ལྟ་བུའི་རྫིང་བུ་ཆུང་ཆུང་ད་ལྟ་ཚ་བས་བསྐམས་སམ་ཅི།།
ཆུ་ནང་པད་མོ་གཡོ་སྒུལ་ཅན་དག་ད་ལྟ་སད་ཀྱིས་བཅོམ་མམ་ཅི།།
ཡུན་རིང་འགྲོགས་པའི་གསེར་ཉ་ཟུང་དེ་ད་ལྟ་ཕྱི་མར་ཕེབས་སམ་ཅི།།
པད་མའི་འདབ་ཁའི་སྦལ་བ་དེ་དེ་དག་ད་ལྟ་འདི་ནས་བྲོས་སམ་ཅི།།
༢༠༡༣།༠༨།༡༩ ཉིན་སྤང་ཁ་ཞིག་ལ་སླར་ཐོན་རྗེས།
1.
ཐང་ལི།: བྱི་བ་ལྟ་བུའི་སྲོག་ཆགས་ཆུང་ཆུང་ཞིག
།དབྱིན་སྐད་དུ་ squirrel ཟེར།
Comments