རང་བཙན་དུས་ཆེན་འཚོལ་བ།
རྒྱ་གར་རང་བཙན་དུས་ཆེན་ཉིན་གྱི་ཚོར་བ།
ཆུ་ཐིག་འགའ་ཡིས་ས་གཞིར་དག་འཁྲུས་ཤིག་བྱས་ཤིང་།།
སྤྲིན་དཀར་ཆུན་པོས་མཁའ་དབྱིངས་དར་གོས་ཀྱིས་འཕྱང་འདུག།
གཉུག་མའི་གྲོང་དེ་ར་རོའི་གླུ་དབྱངས་ཀྱིས་བཟི་ཚུལ།།
དར་ཚོན་ལྷབ་ལྷུབ་དགུང་ལ་འཕྱོ་བ་དེས་ལོས་བྱས།།
ལི་ཁྲིའི་གོས་དེས་མཐུན་བསྒྲིལ་སྟོབས་ཤུགས་ཤིག་སྟོན་གྱིས།།
དར་དཀར་ལྷེབ་མོས་ཞི་བདེའི་སེམས་པ་ཞིག་མཚོན་འདུག།
ལྗོན་པའི་མདོག་དེས་ཚེ་སྲོག་བདེ་སྐྱིད་དང་སྦྱར་ཞིང་།།
འཁོར་ལོའི་རྩིབ་དག་ཡིད་འོང་རང་དབང་ལ་འབྲེལ་འདུག།
འདུག་ཡུལ་ཨ་མ་རྒན་མོའི་བུ་ཆུང་དེའི་ཁྱིམ་དུ།།
དགའ་སྐྱིད་དུས་ཆེན་དེ་ལ་མགྲོན་པོ་རུ་བོས་བྱུང་།།
ཞིམ་མངར་ཁ་ཟས་སྣ་དགུས་སྟོན་མོ་ཞིག་བཤམས་རྗེས།།
སེམས་གཤིས་དལ་པོར་ཉལ་བའི་བདེ་བ་དེ་བཅོམ་སོང་།།
ལུས་ཕུང་ཤེད་ཀྱིས་འཚོ་བའི་འབྲས་ལྡལ་དེའི་དོན་དུ།།
དར་རྒན་མཚོན་གསུམ་ཅན་དེར་བསྟོད་གླུ་ཞིག་ཕུལ་ཡང་།།
གངས་སེང་ཐང་ལ་བུད་བའི་མྱ་ངམ་པའི་ཞལ་དེས།།
བདག་ལ་སྡང་བའི་དྲག་པོའི་མིག་ཟུང་གིས་ཅེར་ཡོད།།
རྐང་འགོ་ས་ལ་འཇོག་པའི་བདེ་སྐྱིད་དེའི་ཆེད་དུ།།
ས་གཞི་གཡུལ་ལས་རྒྱལ་ཞེས་དགའ་བ་ཞིག་སྒོམ་ཡང་།།
གངས་རིའི་དབུ་རྩེར་འཕག་པའི་སེར་འོད་དེའི་མཐའ་ནས།།
བདག་ལ་གདུང་དྲུག་མེས་པོའི་རེ་སྒུག་ཅིག་ཡོད་ཨང་།།
མེ་ཏོག་འཇའ་ཚོན་ལྟ་བུས་དགུང་སྔོན་དུ་འགྱིང་ཚུལ།།
མིག་ཟུང་ཤ་རྗེན་ནང་ན་མཐོ་དམའ་ཞིག་མིན་འདུག།
མ་བཅོས་གཉུག་མའི་སེམས་ནས་ཡང་ཡང་དུ་བསྒོམས་ན།།
སེང་གེ་གནམ་ལ་འགྱིང་པ་རྨི་ལམ་ཞིག་ཨེ་ཡིན།།
མཛེས་སྡུག་རྨ་བྱའི་སྒྲོ་ཡི་སྒེག་ཉམས་ཤིག་མེད་ཀྱང་།།
སྙན་དབྱངས་ཁུ་བྱུག་ལྟ་བུའི་གྲེ་འགྱུར་གྱིས་སྟོང་ཡང་།།
གཡུ་རལ་གནམ་ལ་འགྱིང་བའི་སེང་གེ་དེ་བཞུགས་ན།།
གངས་ཕྲུག་གངས་ལ་ལོག་རྒྱུ་དཀའ་མོ་ཞིག་ཨེ་ཡིན།།
གནམ་ངོ་ས་ལ་བལྟས་པ་གཅིག་མཚུངས་དེའི་འོག་ན།།
སྟོང་སང་སྒྱུ་མ་ཟེར་བ་བདེན་པ་ཞིག་ཡིན་ནམ།།
གཞན་དག་རྣམ་པར་རྒྱལ་བའི་དགའ་དགུ་ལ་རོལ་དུས།།
སེམས་འདིས་ཁོག་ངུ་བྱེད་པ་སུ་ཞིག་གིས་མཐོང་ཡོད།།
༢༠༡༣།༠༨།༡༦ ཉིན།
Comments