བོད་ཡིག་རང་སྲུང་དགོས་ན་སྒྲ་སྦྱོར་བམ་གཉིས་ལ་སྲོག་གསར་པ་འཇུག་དགོས།
ད་ལྟའི་དུས་སུ་རང་རེའི་སྤྱི་ཚོགས་ཁྲོད་ན་མཁས་པ་ལས་རྩོམ་པ་པོ་མང་ཞིང་། རྩོམ་པ་པོ་ལས་སྒྱུར་པ་པོ་མང་།
ཕལ་ཆེར་ལག་ཡོད་ཚད་རྩོམ་པ་པོ་དང་། ཁ་ཡོད་ཚད་སྒྱུར་པ་པོའི་ཚོད་དུ་བསླེབས་སོང་། དེ་ལ་བསམས་ན་བོད་ཡིག་བཀོལ་པོ་མང་བས་བོད་སྐད་བོད་ཡིག་འདི་འཇིག་རྟེན་འདི་བཞག་ནས་ད་ལྟ་རང་འགྲོ་དགོས་རྒྱུ་མ་རེད་ཨང་སྙམ་ནས་དགའ་འོས་པ་ཞིག་ཏུ་གྱུར་སོང་ཡང་།
དུས་རྒྱུན་དུ་དངངས་སྐྲག་དང་བཀའ་མོལ་མང་ཤོས་ཡོང་ས་དེ་ཡང་བོད་ཡིག་བོད་སྐད་རང་སྲུང་དགོས་པ་དེ་རེད་སོང་།།
དེ་ལ་སེམས་ཁྲལ་ཆེ་ཤོས་བྱེད་པོ་ནི་ཤེས་ཡོན་པའི་སྡེ་ཡིན་ཅིང་། ཁོ་ཚོས་རྒྱུན་དུ་ནས་བོད་ཡིག་བཀོལ་སྤྱོད་དགོས་པ་དང་བོད་ཡིག་སྲུང་སྐྱོབ་དགོས་པའི་སྐོར་གཏམ་བཤད་དང་།
རྩོམ་ཡིག་སྤེལ་བ། ཚོགས་འདུ་སྐོང་བ་སོགས་ལས་འགུལ་མང་པོ་བྱས་སོང་།
བདག་གིས་བསམས་ན་བོད་སྐད་བོད་ཡིག་ཉམས་ཆག་གཏོང་མཁན་གཙོ་བོ་དེ་ཡང་ད་ལྟའི་ཆར་ཤེས་ཡོན་པའི་སྐོར་རེད་འདོད།
གང་ཡིན་ཞེ་ན་ད་ལྟ་གོ་ལ་འདིའི་ཐོག་ན་ཚན་རྩལ་གྱི་གྲུབ་རྟགས་ལས་ཆོས་དངོས་གསར་པ་མང་པོ་ཞིག་ཐོན་འོང་ཞིང་།
དེ་དག་ལ་མིང་བརྡ་དང་ཐ་སྙད་གསར་པ་མང་པོ་ཞིག་རྒྱལ་ཁབ་དང་ཡུལ་ལུང་གཞན་གྱི་སྐད་ཐོག་ནས་ཡོང་བཞིན་པ་ལྟར།
རང་རེའི་ཤེས་ཡོན་པའི་སྐོར་གྱིས་ཤེས་ཤེས་དང་འཇོན་འཇོན་གྱི་འོག་ནས་རང་རང་གི་ས་ནས་རྩོམ་འགྱུར་དང་།
ཚིག་སྒྱུར། དོན་སྒྱུར། ཐ་སྙད་བརྗེ་ལེན་ཟེར་བ་སོགས་མང་པོ་བྱས་ཏེ་རང་གི་བློ་ལ་གང་བབ་པའི་ཐ་སྙད་དང་བརྡ་དག་ཁོ་ན་བཀོལ་སྤྱོད་བྱེད་པ་ལས་གཅིག་འགྱུར་གྱི་བསམ་བློ་མེད་ཅིང་།
གལ་ཏེ་གཅིག་འགྱུར་དགོས་པའི་སྐད་ཆ་བྱུང་ན་ཡང་རང་རང་གི་སྡེར་གཏོགས་ལས་གཞན་ལ་མགོ་མ་སྒུར་མཁན་ཤ་སྟག་ལ་སོང་།
ད་ལྟའི་ཆར་ཆོས་གཅིག་ལ་ཐ་སྙད་མི་འདྲ་བ་བཅུ་སྐོར་བྱུང་སོང་།
དེར་རྟེན་རང་རེའི་སྤྱི་ཚོགས་ཁྲོད་ན་བོད་ཡིག་བོད་སྐད་ཐོག་ནས་སྐད་ཆ་བཤད་ན་ཕན་ཚུན་གོ་བརྡ་མི་འཕྲོད་པ་དང་།
ཐེ་ཚོམ་ཟ་བ། བཅོས་མའི་རྣམ་པར་གྱུར་བ་སོགས་མ་ཚང་བའི་ཆ་མང་པོ་ཡོང་གི་ཡོད་ཅིང་། དེས་རང་རིགས་རྒན་གཞོན་དར་གསུམ་ལ་བོད་ཡིག་བོད་སྐད་ལ་ཡིད་ཆེས་བརླག་ཅིང་།
རེ་བ་ཟད་འགྲོ་བ་དང་། སྐད་ཡིག་གཞན་དང་བོད་སྐད་དང་སྐད་ཡིག་གཞན་བསྲེས་ནས་བེད་སྤྱོད་པ་ལ་ཡིད་ཆེས་ཆེ་བ་ཡོང་གི་ཡོད་པ་རེད།
དེ་ནི་རང་རིགས་ཀྱི་སྐད་ཡིག་འདི་འཇིག་རྟེན་འདི་ནས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕྱིར་འབུད་བྱེད་པ་རང་རེད།
སྤྱིར་སྐད་ཡིག་ཅིག་རྒྱུན་གནས་ཐུབ་པ་ལ་སྐད་ཡིག་དེས་དུས་རབས་ལ་རྗེས་བསྙེགས་ཐུབ་པ་དགོས་ཤིང་།
དེ་ཡང་དུས་རབས་དེའི་མིང་བརྡ་དང་ཐ་སྙད་སོགས་སྐད་ཡིག་དེའི་ཐོག་གཅིག་འགྱུར་གྱིས་གཞི་རྐང་ཚུགས་ཐུབ་པ་དགོས།
དེ་ལྟར་མ་བྱུང་ཚེ་སྐད་ཡིག་ཇི་འདྲ་ཞིག་ཡིན་རུང་དུས་ཚོད་ཀྱིས་བེད་མེད་དམ། དགེ་མཚན་མེད་པར་འགྱུར་འགྲོ་བ་ཡིན།
གལ་ཏེ་སྐད་ཡིག་ཅིག་དུས་སྐབས་ཤིག་ནས་བེད་སྤྱོད་མེད་པར་གྱུར་ཚེ་སྐད་ཡིག་དེར་འཇིག་རྟེན་འདིའི་ཐོག་མུ་མཐུད་གནས་རྒྱུའི་རང་དབང་བྲལ་འགྲོ་བ་རེད།
རང་རེ་བོད་ཀྱི་ཕ་སྐད་ལ་མཚོན་ན་ད་ལྟའི་ཆར་འཇིག་ཉེན་ཆེ་བའི་དུས་སྐབས་ཤིག་ལ་བསླེབས་ཡོད་ཅིང་།
རང་རའི་ཤེས་ཡོན་པའི་སྐོར་ཚོགས་ཀྱིས་ཐུགས་བསམ་ལེགས་མོ་ཞིག་བཞེད་དགོས་པའི་དུས་ཚོད་ཅིག་ལ་བསླེབས་ཡོད།
རང་རེ་བོད་ཀྱི་ཕ་སྐད་དེ་དུས་རབས་དང་རྗེས་བསྙེགས་ཐུབ་པའི་སྒོ་ནས་རྒྱུན་གནས་དགོས་ན་དུས་རབས་ཀྱིས་བསྐྲུན་པའི་ཆོས་དངོས་ཀྱི་མིང་བརྡ་དང་ཐ་སྙད་དག་གཅིག་འགྱུར་ངང་རང་རེའི་ཕ་སྐད་ཐོག་གཞི་རྐང་ཚུགས་ཐུབ་པ་མ་བྱུང་ན་ཡོང་ཐབས་མེད་ཅིང་།
ཤེས་ཡོན་པ་དང་ཤེས་ཡོན་པའི་མཚན་གནས་ཡོད་མཁན། ཤེས་ཡོན་པ་མིན་ཡང་ཤེས་ཡོན་གྱི་ཐོག་ནས་དཔོན་ས་འཛིན་མཁན་ཚོས་ཁེངས་སྐྱུང་དང་ང་རྒྱལ་རིང་དུ་བསྐྱུར་ནས་བགྲོ་གླེང་དང་།
དཔྱད་བསྡུར། བསམ་གཞིག་སོགས་ཀྱིས་བརྡར་ཤ་བཅད་ནས་གཏན་འབེབས་བྱ་དགོས་ཤིང་། གཏན་འབེབས་ཟིན་རྗེས་བརྒྱ་ཁྱབ་ཀྱིས་སྤྱོད་རྒྱུའི་ཁྲིམས་བསྒྲགས་ཐུབ་དགོས་སྙམ།
དེ་ཡང་རང་རེ་ལ་མཚོན་ན་ལས་དོན་གསར་པ་གང་ཡང་མིན་ཏེ། རང་རེའི་རིག་གནས་ཀྱི་ལོ་རྒྱུས་ཐོག་བཀས་བཅད་རིམ་པ་གསུམ་བྱུང་མྱོང་ཞིང་།
དེ་དག་གིས་དུས་སྐབས་དེ་དང་དེ་ལ་རིག་གནས་གསར་པ་གང་བྱུང་བའི་མིང་བརྡ་དང་ཐ་སྙད་དག་བོད་ཡིག་ཐོག་ཏུ་གཅིག་འགྱུར་གཏན་འབེབས་ཀྱིས་གཞི་རྐང་ཚུགས་ཐབས་གནང་བ་ཞིག་རེད།
བཀས་བཅད་ཁྲིམས་བསྒྲགས་དེ་དག་གི་བཀའ་དྲིན་ལ་བརྟེན་ནས་ནང་བསྟན་དེ་ད་ལྟ་བར་རང་རེའི་སྐད་ཡིག་ནང་གཞི་རྐང་ཚུགས་པོས་གནས་ཐུབ་པ་བྱུང་ཡོད།
ད་ལྟའི་དུས་སུ་ང་ཚོས་དེ་དག་ལ་མིག་དཔེ་ལེན་པའམ་ཡང་ན་སྒྲ་སྦྱོར་བམ་གཉིས་ལ་སྲོག་གསར་པ་ཞིག་འཇུག་དགོས་སྙམ།
དེ་ཡང་བཙན་པོ་ཁྲི་སྡེ་སྲོང་བཙན་ནམ་སད་ན་ལེགས་འཇིང་གི་དུས་སུ་ལོ་པཎ་རྣམས་ཀྱིས་སྒྲིག་གནང་མཛད་པའི་སྒྲ་སྦྱོར་བམ་པོ་གཉིས་པ་ལས། “སྐད་གཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག །གོོཏམྱ་ལྟ་བུ་གོོའི་སྒྲ་ལས་ཚིག་དང་། ཕྱོགས་དང་།
ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང་། ཀོོཤིཀ་ལྟ་བུའི་རྩྭ་ཀུཤ་ཐོགས་པ་དང་། མཁས་པ་དང་།
པདྨ་ལ་དགའ་བ་དང་། འུག་པ་དང་། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ།
བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོན་ཞོག་ཅིག །གང་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩེ་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་།
འོལ་ཕྱིར་བསྒྱུར་དུ་རུང་བ་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ་མགོ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོན་ཞོག་ཅིག གྲངས་ལ་རྒྱ་གར་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་གཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་བར་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་བ་བོད་ཀྱི་སྐད་ལ་ཡང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག །པ་རི་དང་། སམ་དང་ཨུཔ་ལྟ་བུ་ལ་སོགས་ཏེ། ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་འབྱོར་བའི་ཐབས་ནི་ཡོངས་སུ་ཞེའམ།
ཡང་དག་པ་ཞེའམ། ཉེ་བ་ཞེས་སྒྲ་བཟིན་དུ་སྒྱུར་ཅིག །དོན་ལྷག་པར་སྙེགས་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱིས་དོན་བཞིན་དུ་ཐོགས་ཤིག
།རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོམས་ན་མིང་གང་བོད་སྐད་དུ་སྤྱིར་གྲགས་ཤིང་ཚིག་ཏུ་གར་བདེ་བར་གདགས་སོ།
འདོམས་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་ཞེ་ས་དང་།
སྐོ་ལོང་གི་ཚིག་གི་རིམ་པ་ནི་སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱས་ཏེ།
སྔོན་ལྷ་ཡབ་སྲས་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་འཚོགས་པས།
དྷརྨ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པ་བསྒྱུར་ཏེ། གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག
། སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས།
བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་འདོགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲྭ་གྲྭར་མིང་ཅད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་།
ཆོས་ལ་ཇི་སྐད་དུ་གདགས་པར་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་།
དྷརྨ་ཞུ་ཅེན་འཚལ་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ།།”
ཞེས་སྐབས་དེའི་དུས་ཀྱི་རིག་གནས་གསར་པ་ནང་བསྟན་གྱི་མིང་བརྡ་དང་ཐ་སྙད་དག་བོད་ཡིག་ཐོག་གཅིག་འགྱུར་གྱིས་གཏན་འབེབས་ཁྲིམས་བསྒྲགས་གསལ་པོར་བྱས་འདུག
ད་ལྟ་ཡང་རང་རེའི་སྐད་ཡིག་ཐོག་དེ་ལྟར་ལག་བསྟར་ཐུབ་ན་ང་ཚོའི་སྐད་ཡིག་ལ་བརྟན་བཞུགས་ཤིག་ཕུལ་ཐུབ་པ་མ་ཡིན་ནམ།།
༢༠༡༣།༠༣།༡༥ ཉིན།
Comments