སེམས་ཀྱི་མེ་ཏོག་དམར་པོ།
དཀར་དམར་ལྷུ་མཚམས་བསྒྲིགས་པའི་ཞལ་གྱི་དབུས་།།
དཀྱུས་རིང་མིག་ཟུང་ཡང་ཡང་རྩེན་འདིའི་དཔལ།།
མེ་ཏོག་ཕྲེང་མཛེས་རབ་འབར་སྐྱེད་ཚལ་ན།།
ར་ཡིག་གཉིས་པ་མྱོས་པའི་གར་བཞིན་མཚར།།
ཞལ་དེའི་མཐའ་ནས་རབ་འགྱིང་སྒྲ་འཛིན་ཟུང་།།
རིན་ཆེན་ནོར་བུའི་རྒྱན་གྱིས་ལེགས་སྤུད་པ།།
འབྲས་ལྡན་འཁྲི་ཤིང་ལོ་མའི་རྩེ་མོ་ནས།།
ཆུ་ཡི་ཞེའུ་འབྲུ་གསར་པ་འཁྲུངས་པ་བཞིན།།
སོས་ཀའི་མཁའ་ལམ་རླུང་བུས་རབ་གཡོ་བའི།།
ཆུ་འཛིན་གསར་པ་ལང་ལོང་རྒྱུ་བ་ནི།།
བརྒྱད་གཉིས་བགྲང་བྱ་མྱོང་བའི་བྲང་གི་ངོགས།།
ལང་ལིང་གཡོ་བའི་ལང་ཚོའི་མཚན་མར་འཁུ།།
དེ་ཡི་སྟེང་ན་ཕྱེད་གཡོགས་སྐྲ་ལོ་ཡིས།།
ཁྱུ་མཆོག་རྒྱལ་མཚན་རལ་པའི་དཔལ་འཕྲོག་ཅིང་།།
སྣུམ་ཞིང་དམར་བའི་མགྲིན་སྔོན་རལ་པ་ཡིས།།
སྨིན་ལེགས་ཁྱོད་ཀྱི་མགོ་སྐྱེས་གྲོགས་སུ་འགུག།
མཆུ་ཡི་ཞལ་སྒོ་ཕྱེ་བའི་སྙན་དབྱངས་ཀྱིས།།
མཚོ་བྱུང་དགྱེས་པའི་མགུལ་ཡང་ཟིལ་གྱིས་གནོན།།
གཞན་ནི་དེ་འདྲའི་ངག་གི་འགྱུར་ཁུག་ཅིག།
རྣ་བ་བརྒྱ་ཡིས་ཉན་ཡང་ཐོས་རེ་བྲལ།།
འཛུམ་གྱི་མཁུར་སྐོང་མཛེས་པའི་ཞལ་ཉིད་ནི།།
ཚངས་པའང་འཇོམས་བྱེད་ཐིག་ལེ་མཆོག་མ་དང་།།
གཅིག་ལས་གཉིས་ནི་མི་ཕྱེད་དེ་ལྟ་ཡི།།
དཔལ་ཡོན་འཛིན་པ་མཆིས་ཚེ་དེས་ཀྱང་ངོ་།།
གང་ཁྱོད་མཚར་སྡུག་འཕྲོ་བ་ཁོ་ན་ཡིས།།
བཤོལ་མེད་མ་ཡི་རྗེས་སུ་མི་འགྲོ་སྟེ།།
སྐྱེ་བོར་འདོད་པའི་དཔལ་ཡོན་འཇོ་བ་ཡི།།
ཕུན་སུམ་ཚོགས་པའི་སྒྱུ་རྩལ་ལྡན་འདིས་ཀྱང་།།
དཀར་གསལ་དཀྱིལ་འཁོར་རྫོགས་པའི་ཁྱོད་ཀྱི་ཞལ།།
མཐོང་ཞིང་རི་བོང་འཛིན་པ་མཁའ་དབྱིངས་སུ།།
ས་དང་མཁའ་ལས་ཐ་དད་གཞན་གྱི་ཁྱད།།
མིག་བརྒྱ་སྤྲུལ་ནས་བལྟས་ཀྱང་རྙེད་དུ་མེད།།
སྨིན་ལེགས་མཉེན་ལྕུག་ཕྱག་གི་སོར་མོའི་དཔལ།།
མཚོན་སླད་པདྨའི་འདབ་མ་སྙེམས་མི་བྱ།།
དྲི་ཟའི་བུ་མོའི་ལུས་ཀྱི་སྟངས་སྟབས་ལའང་།།
དོ་ཟླ་བྲལ་བའི་ཆོས་དེ་ཡོད་ཕྱིར་རོ།།
ལྷ་ཡི་བུ་མོ་གངྒཱའི་ལུས་གཟུགས་ལ།།
གལ་ཏེ་དར་གྱི་ན་བཟས་བཀླུབས་གྱུར་ན།།
ཉིན་ལྟར་ཡིད་ཀྱི་མེ་ལོང་སྐོང་བྱེད་པའི།།
སེམས་ཀྱི་མེ་ཏོག་དམར་པོར་ལྷག་པར་འགྲན།།
ཡིད་འོང་བུ་མོའི་དཀར་གསལ་བྱད་བཞིན་ནི།།
དབྱིངས་སྔོན་ཟླ་བར་རབ་འཁུལ་མཛེས་སྡུག་མ།།
ཁྱོད་ཀྱི་ལུས་ལ་ཆགས་པ་ང་ཉིད་ཀྱིས།།
བསིལ་ཟེར་ཟླ་བའི་མགུལ་ནས་འཐམ་དུ་ཕྱིན།།
ཅི་སྟེ་མཆི་མེད་ལྷ་ཡི་སྐྱེད་ཚལ་ནས།།
དྲི་ཟའི་བུ་མོ་མི་ཡུལ་ཉུལ་བ་འམ།།
ན་ཆུང་བུ་མོའི་མཛེས་སྡུག་ལུས་པོ་ལ།།
རིན་ཆེན་རྒྱན་གྱིས་སྤུད་དམ་འཕྱང་མོ་ཉུག།
རྐང་དྲུག་འཕུར་ལྡིང་བྱེད་པའི་གེ་སར་ཅན།།
ཟིལ་གྱིས་གནོན་མཁས་ཤ་ཡི་མེ་ཏོག་དེ།།
པད་མས་ཕམ་པའི་མཱ་ལི་ཀཱ་མིན་ཏེ།།
བུ་མོའི་སོར་མོ་གདུ་བུས་བརྒྱན་པ་འོ།།
དཔྱིད་ཀྱི་ཆུ་འཛིན་གཡོ་བས་ཆར་རྒྱུན་འཇོ།།
སྟོན་རླུང་བསིལ་བས་འབྲུ་དང་སྦུན་པ་འབྱེད།།
དེ་དག་ཉིད་དང་རྩེ་ལྡན་ཁྱོད་ཀྱི་ཐུགས།།
ཕྱོགས་རྣམས་ཀུན་ནས་མཚུངས་སོ་ཡིད་འཕྲོག་མ།།
རྒྱས་པ་འགུག་བྱེད་ཀཱཤཱི་མཛེས་དགའ་མོ།།
གལ་ཏེ་རྒས་པའི་གཉེར་མས་བཅོམ་ཡང་རུང་།།
སྨིན་ལེགས་ཁྱོད་ཀྱི་བཞིན་ཟླ་དེ་ཉིད་ཀྱི།།
དགྲ་ཟླར་གྱུར་ཞེས་བརྗོད་འདོད་བདག་ལ་ཡོད།།
ཤ་འཇམ་མལ་གྱི་ནང་དུ་མཛེས་ལྡན་ཞིག།
འཆི་མེད་བུ་མོ་མ་ཡིན་ཡིད་འཕྲོག་ཁྱོད།།
ཧ་ཅང་སྙན་འདི་བུང་བའི་མགྲིན་དབྱངས་ནི།།
མིན་པས་སྨིན་ལེགས་མྱོས་པའི་འཁུན་སྒྲར་ངེས།།
འདམ་སྐྱེས་པད་མ་མཛེས་པའི་དཔལ་ཡོན་དང་།།
མཁའ་ལམ་དབུས་ཀྱི་ཆུ་ཤེལ་དབང་པོས་ཀྱང་།།
འགྲན་པའི་གོ་སྐབས་ཙམ་ཡང་བྲལ་བའི་དཔེར།།
རང་ཉིད་ཝ་ལེར་འཆར་འདི་སྨིན་ལེགས་མ།།
བསིལ་ཟེར་ཅན་དང་ཙན་དན་ཆུ་དང་གངས།།
ལྷོ་ཕྱོགས་མ་ལ་ཡ་ཡི་རླུང་ཚོགས་བཞིན།།
ཁྱོད་ཀྱི་རེག་པ་འཇམ་པའི་ངོ་མཚར་མཆུ།།
ཡོངས་སུ་འཐུང་འདོད་བདག་གི་སེམས་ན་ཡོད།།
ན་ཆུང་མཛའ་མོར་རེག་པའི་དཀར་འཇམ་ལུས།།
ཆུ་སྐྱེས་འདབ་མར་བསྙམས་པའི་དཔེ་རུ་འཁུམས།།
ད་དུང་རྣ་བ་འགུག་པའི་ངག་གི་སྒྲ།།
རྡུལ་ཁུས་མྱོས་པའི་བུང་བའི་མགྲིན་སྒྲ་ལྟར།།
སྨིན་ལེགས་བྱད་བཞིན་ཉ་གང་ཟླ་བའི་དཔལ།།
ཧ་ཅ་མཛེས་པས་མཐོ་རིས་བག་མ་དང་།།
རེག་པ་འཇམ་པས་ཆུ་སྐྱེས་སྔོན་མོའི་འདབ།།
གདུབ་རྒྱན་བཀྲ་བས་དབང་མོའི་དཔལ་ཡང་འཕྲོག།
ཝཱཎའི་རིག་རླབས་སྤྱིའི་འདོན་ཐེངས་ ༩ པར་འཁོད།
Comments