ཚ་བ།


དཔྱིད་ཟླ་འདི་ཤར་རྗེས་་་  བསིལ་རླུང་དངས་མོ་ཞིག་ལྡང་རྒྱུ་ན་
ལྗོན་ཤིང་དག་གིས་བྲོ་གར་ལ་རྩེན་ངེས་ལ་
ཁུ་བྱུག་གཞོན་ནུས་གླུ་དབྱངས་ལེན་ངེས་
འོན་ཀྱང་་་་་ འདི་ན་འདི་ལོར་ཡང་ཚ་བ་སླེབ་ཀྱི།
མཚམས་མཚམས་སུ་
སྐར་ཚོམ་སྤངས་ལ་བཞད་འདྲའི་ནོར་ལུག་ཁྲོད་ཀྱི་
ཟླ་གཞོན་ཐང་ལ་བབས་འདྲའི་ལུག་རྫི་བུ་མོའི་ངག་གླུ་སྙན་མོ་
བདག་གི་རྣ་བའི་བུ་ཁར་ཡང་ཡང་འཆར་ཞིང་
བྱིས་དུས་ཀྱི་འཚོ་བ་སྐྱིད་མོར་དྲན་གསོ་རེ་སྟེར་དུས་
སེམས་ཆུང་ན་མེ་ལྕེ་ཇེ་འབར་ལས་ཞི་མི་ཐུབ་


སྐད་སྐུར་ཞིག་གིས་་་་ སྦྲ་ཁྱིམ་སྒོར་མོ་དེའི་སྒོ་ཁ་ནས་
ཨ་མ་རྒས་མོས་བདག་ལ་རེ་སྒུག་བྱེད་ཅིང་
ཨ་ཕ་ལོ་ལོན་གྱིས་བདག་ལ་སྨོམ་ལམ་འདེབས་ཀྱི་ཡོད་སྐད་
འཕངས་པ་ཞིག་ལ་་་་་ བདག་གིས་འདི་ལོར་ཡང་ཕ་ཡུལ་ལ་ལོག་མ་ཐུབ་
ཕ་ཡུལ་གྱི་རི་མགོ་ནས་ཁ་བ་བཞུར་གྱིན་ཡོད་ངེས་ལ་
ཕ་ཡུལ་གྱི་རྩ་ཐང་ན་མེ་ཏོག་བཞད་ཀྱིན་ཡོད་ངེས་
ཕ་ཡུལ་གྱི་ཆུ་གཞུང་ན་ཉ་མོ་འཁོར་གྱིན་ཡོད་ངེས་ཀྱང་
འདི་ན་འདི་ལོར་ཡང་ཚ་བ་སླེབ་ཀྱི།
རྒྱུན་ལྡན་ཞིག་ལ་་་་་ དཔྱིད་ཟླ་འདི་ཤར་རྗེས་
གནའ་བ་དང་གླ་བ་མང་པོས་རི་ཀླུང་ནས་རྒྱུ་ཞིང་
རྟ་རྒོད་དང་རྐྱང་དཀར་གྱིས་རྩ་ཐང་ན་རྩེ་
ཁྲུང་ཁྲུང་མགྲིན་རིང་གིས་ལྗང་ཐོག་ཏུ་བབས་དུས་
ཕ་ཡུལ་གྱི་བཀོད་པ་ཇི་འདྲའི་མཛེས་ཨང་་་་
འོན་ཀྱང་་་་ འདི་ན་འདི་ལོར་ཡང་ཚ་བ་སླེབ་ཀྱི།
                                                            ༢༠༡༣།༠༣།༠༥ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།