ངག་གླུ་ཐད་སྦྱར་མ།










མཛེས་སྡུག་སྙིང་གི་མེ་ཏོག།
ཐག་རིང་སྤང་ལ་བཞད་པ།།
ཡིད་ཀྱིས་དྲན་པ་མ་གཏོགས།།
མཇལ་བའི་སྐལ་བ་མི་འདུག།

འགྱུར་མེད་སེམས་ཀྱི་སྡུད་པ།།
རྡོ་རྗེ་བྲག་ལ་བཏབ་ཀྱང་།།
ལས་དབང་བཙན་པོ་ཞིག་གིས།།
ཐལ་བའི་རྡུལ་དུ་བཏང་སོང་།།
  
མ་གསང་སེམས་ཀྱི་སྐད་ཆ།།
ཤབ་ཤུབ་རླུང་ལ་བསྐུར་ཡོད།།
མཉེན་ལྕུག་འདབ་མ་ཅན་མས།།
སྙན་གྱིས་གསན་པ་གནང་རོགས།།

དབང་ཆེན་སད་དང་སེར་བས།།
ལྗོན་པར་གནོད་པ་མེད་ན།།
མ་འགྱུར་སེམས་ཀྱི་ཟེའུ་འབྲུ།།
བརྟེན་པོར་གཟུང་རོགས་གནང་དང་།།


གྱེས་བྲལ་ལས་ཀྱི་འཁོར་ལོ།།
མི་སྡོད་ཕྱོགས་སུ་སྐྱོད་ན།།
མཇལ་འཛོམས་གསེར་གྱི་ཉི་མ།།
འཆར་བའི་སྨོན་ལམ་བཏབ་ཡོད།།

དབང་མེད་ལུས་ཀྱི་འཁྱེར་ཕྱོགས།།
བསྒྱུར་ནས་སླེབ་ཐབས་མེད་ན།།
ཞིམ་ངར་དྲི་བཟང་ཞིག་གི།།
གཏམ་ལན་ཡོད་པ་གནང་དང་།།

གཟུགས་མེད་སེམས་ཀྱི་འགྱུ་བ།།
འབྱུང་བ་རླུང་གིས་ཁྱེར་ན།།
འཆར་ཡན་རྟོག་པ་ཞིག་ནས།།
མཇལ་བའི་རི་མོ་བཀོད་ཆོག།

             ༢༠༡༢།༠༧།༣༠ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།