རང་ལ་དྲིས་པ།



འཁོར་བའི་བྱ་བ་ལ་ཁའི་ན་བུན།།
སྙིང་པོ་མེད་པ་ཀུན་གྱིས་ཤེས་ན།།
མཐོ་དམའ་བར་དང་སྐྱ་སེར་ཚང་མ།།
འཚང་ག་ཤིག་ཤིག་བརྩོན་དོན་ཅི་ཡིན།།

              རྒྱུ་འབྲས་ཆོས་ཉིད་མདུང་རྩེ་ངར་མ།།
              ངེས་པར་འགྱུར་བ་ཀུན་གྱིས་ཤེས་ན།།
                    དབང་ཆེན་མི་ཡི་སྟོབས་ཤུགས་འོག་ནས།།
                ཉམས་ཆུང་འགྲོ་བ་མྱོང་དོན་ཅི་ཡིན།།

                                               མཛེས་མཛེས་དངོས་གཤིས་སྒྱུ་མའི་རང་བཞིན།།
                              རྟག་པ་མིན་པ་ཀུན་གྱིས་ཤེས་ན།།
                                    སྤྱན་གསུམ་པ་དང་ལྷ་ཡི་ཚོགས་ཀྱང་།།
                                     གཟིགས་པའི་ངལ་བ་ཁུར་དོན་ཅི་ཡིན།།

                 བུ་མོའི་རང་སེམས་དབྱར་གྱི་གནམ་ངོ།།
           བརྟན་པོ་མེད་པ་ཀུན་གྱིས་ཤེས་ན།།
              མཐོ་ས་བླ་མའི་གསེར་ཁྲི་སྤངས་ནས།།
              ཁྱིམ་གྱི་བྱ་བར་འཚངས་དོན་ཅི་ཡིན།།

ཕོ་ཡི་ལུས་རྟེན་དྲེགས་པའི་ཀ་ཆེན།།
དོན་གྱིས་སྟོང་པ་ཀུན་གྱིས་ཤེས་ན།།
         མཁའ་འགྲོ་བྱོ་མོ་རིགས་ལྔའི་ཚོགས་ཀྱང་།།
       དང་བས་འདྲེན་པའི་ངང་ཚུལ་ཅི་ཡིན།།

               དཔོན་གྱི་གོ་ས་དགུང་སྔོན་མཐོ་པོ།།
             བདེ་ཞིང་མིན་པ་ཀུན་གྱིས་ཤེས་ན།།
                   ཁ་བདེ་མགོ་བདེ་བླུན་པོའི་ཚོགས་ཀྱང་།།
                ཐབས་ཀྱིས་དེ་ལ་འཛེག་དོན་ཅི་ཡིན།།

                            སྤྱི་ཡི་ཚོགས་པ་ཡིད་འཕྲོག་རྒྱུད་མང་།།
                      རེ་རེས་གྲུབ་པ་ཀུན་གྱིས་ཤེས་ན།།
                                  ཚང་མར་དབང་བའི་གར་སྟེགས་སྟེང་ནས།།
                            རང་ཕྱོགས་ཁོ་ན་འཛིན་དོན་ཅི་ཡིན།།

                                    ཕུགས་ཀྱི་བདེ་སྐྱིད་མལ་གྱི་རྨི་ལམ།།
                                 ངེས་པ་མེད་པ་ཀུན་གྱིས་ཤེས་ན།།
                                         མཐའ་དག་རང་རང་སྒེར་གྱི་ཁུག་མར།།
                                       སང་ཉིན་ཆེད་དུ་གསོག་དོན་ཅི་ཡིན།།

༢༠༡༢།༠༧།༢༧  ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།