བརྗོད་མི་ཚར་བའི་སེམས་ཀྱི་སྐད་ཆ།



མི་ལོ་དེ་དག་གི་རིང་།
ཡོད་ཚད་ནས་ཡོད་ཚད་སྨག་གིས་རུམ་རྐྱེན།
ནག་ལོང་ལོང་གི་འཇིག་རྟེན་འདི་ནས།
ང་ཚོས་ཅི་ཡང་མི་རྙེད་ཅིང་ཅི་ཡང་མ་ཐོབ།
ཐ་ན་ང་ཚོར་ཡོད་པ་ནི། ཁྲག་དྲི་དང་རུལ་དྲི་ཐུལ་གྱིན་པའི་
དུར་ས་ཞིག་རེད།

འོན་ཀྱང་། ཆོས་སེམས་དང་བློས་གཏོང་གིས་བསྐུལ་བའི་སྒྲོན་མེ་དེ།
དཔའ་ངར་དང་སྙིང་སྟོབས་ཀྱིས་འབར་གྱིན།
ལོ་རྒྱུས་ཀྱི་དེབ་ཐེར་ལ་ཤོག་ལྷེ་གསར་པ་ཞིག་སྣོན་དུས།
ཕ་མེས་དང་ཡང་མེས་ཚོའི་བྱུང་རབས་སྟེ།
གསུམ་གཉིས་སྡུ་བོ་རྒྱལ་བློན་ཚོའི་སྣང་བརྙན་
བདག་གི་མིག་ལམ་ན་ལྷང་ལྷང་དུ་ཤར་བྱུང་།


ཀྱེ་མ། སྒྲོན་མེ་རེ་རེ་དེ་ལྟར་འབར་ཞིང་
ཚེ་སྲོག་གི་བཞུར་ཐག་རེ་རེ།
དྲང་བདེན་ཟེར་བའི་འོད་སྣང་དེའི་ཆེད་དུ་
དེ་ལྟར་ཆད་སོང་ཡང།

འདི་ནས་ཅི་ཡང་མ་བྱུང་བ་དང་གང་ཡང་མ་ཐོས་པ་ལྟ་བུར་
དལ་ཅག་གེར་དང་ཁུ་སིམ་མེར་གནས་ན།
ང་ཚོའི་མི་རིགས་འདི་དང་། འགྲོ་བ་མིའི་རིགས་ཀྱི་
ཕམ་ཁ་དང་གྱོང་ཁ་ལྕི་མོ་ཞིག་རེད་ཨང་།
                                          ༢༠༡༡།༡༠།༠༦ ཉིན་བྲིས།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།