རྟོག་སད་པའི་ང་རོ།
ཀ་དག་སྒྱུ་མའི་ཞིང་ས་ཆེན་པོའི་འོ་མཚོ་རྒྱས་པའི་ཕང་པ་རུ།།
ཀཱ་ཤིའི་གོས་ཀྱིས་ལེགས་པར་བརྒྱན་ཞིང་སོར་རྩེ་ཏམ་བུའི་གཟུགས་ཀྱིས་བརྒྱན།།
མཛེས་སྡུག་སྒྲ་ཡི་བྱེད་པོར་གྲགས་པའི་སྙིང་སྡུག་དབྱངས་ཀྱི་ལྷ་མོ་ཁྱོད།།
དེ་རིང་བདག་གི་གྲོགས་སུ་བྱོན་ལ་སྙིང་གི་སྒྲ་འདི་དཀྲོལ་རོགས་མཛོད།།
གངས་ལྗོངས་ཨ་མའི་ལྟོ་ལས་སྐྱེས་ཀྱང་ཨ་མའི་པང་དུ་ཉལ་དབང་བཅད།།
ཤ་མར་རྩམ་པའི་དྲིན་གྱིས་གསོས་ཀྱང་དྲིན་ཅན་མིག་གིས་རིག་དབང་བཀག།
བལ་དང་སློག་པའི་དྲོད་ཀྱིས་བསྐྱངས་ཀྱང་དྲོད་དེ་ལུས་ལ་སྦྱར་དབང་འཕྲོག།
ས་མཐའི་ཁྱར་ཁྱོར་འཚོ་བ་སྐྱུར་མོར་རྟོག་པ་སད་པའི་སྙན་ངག་བྲི།།
ཨ་མའི་བྱང་གི་གློ་སྙིང་བྲུས་ཏེ་ཕྱི་ནས་ལྷན་པ་རྒྱག་དང་གཅིག།
གྲོགས་དང་ན་ཟླའི་ཟུངས་ཁྲག་བཏུངས་ནས་དུག་ཆུ་ཁོག་ལ་བཅུག་དང་གཉིས།།
ས་ཁའི་རང་བྱུང་རྩ་ཐང་བསློག་ནས་འགྱིག་གི་མེ་ཏོག་བཏབ་དང་གསུམ།།
དེ་དག་མིག་གིས་མཐོང་ཐེངས་རེ་རེར་མཆི་མའི་བཞུར་རྒྱུན་འགོག་ཐབས་བྲལ།།
སྤུན་ཟླའི་སྲོག་གི་རྒྱུ་བ་བཅད་ཀྱང་རང་དབང་ཁ་ནས་གླེང་དང་གཉིས།།
ཡུལ་གྱི་རང་བཞིན་གོམས་ལུགས་བཀག་ཀྱང་ལེགས་བཅོས་ཁ་ནས་བཤད་དང་གསུམ།།
རྫུན་གསུམ་རྣ་ཡིས་ཐོས་ཐེངས་རེ་རེར་ཁོག་ན་ཁྲོ་བའི་མེ་ལྕེ་འབར།།
ཨ་མའི་མགོ་སྐྱེས་སྐྲ་རྩ་་བཀོག་ནས་བཙན་དང་ཧམ་གྱིས་འཁྱེར་དང་གཅིག།
ཕུ་ནུའི་ལུས་ཀྱི་གོས་ཀྱང་བཤུས་ནས་རྐུན་ཇག་ཚོགས་ལ་སྦྱིན་དང་གཉིས།།
སྒོ་རྩའི་གཅེས་པའི་ཁྱི་ཡང་འཕྲོག་ནས་དམར་པོའི་བཤས་རར་བརྫངས་དང་གསུམ།།
དེ་གསུམ་ལུས་ཀྱིས་མྱོང་ཐེངས་རེ་རེར་ང་རྒྱལ་ཡིད་ཀྱི་མཚོ་མོ་འཁྱོམས།།
ཨ་མའི་བཞིན་གྱི་མཁའ་དབྱིངས་དྭངས་མོ་དུག་ནག་རླུང་གིས་ཡོངས་སུ་གཡོགས།།
ནུ་བོའི་འཇམ་གཉེན་ཞལ་ཁྱིམ་སྒོར་མོ་མདའ་དང་མདེའུས་ཨེ་ཁུང་ཕུག།
རང་བྱུང་ས་ཡི་ལྟེ་ཁྲག་ཡོད་རྒུ་རང་འདོད་བཙན་གྱིས་ཁ་ལོ་བསྒྱུར།།
དེ་གསུམ་སེམས་ཀྱིས་དྲན་ཐེངས་ར་རེར་ཐུན་གསུམ་གཉིད་ཀྱི་བདེ་བ་ཆད།།
ཨ་མས་གཅེས་ཕྲུག་བྱམས་གྱིས་བསྐྱངས་ན་ཡུལ་གྱི་ཁྲིམས་དང་འགལ་སོང་ཟེར།།
སྲིང་མོས་རང་ལུས་བློས་བཏང་བྱས་ན་ལུང་པའི་ཕུ་མདའ་དཀྲུགས་སོང་ཟེར།།
འགས་རྫས་བཏང་ནས་ས་གཞི་འགུལ་ཡང་རང་བཞིན་འབྱུང་བས་གནོད་འདུག་ཟེར།།
སྐྱོན་འཛུགས་ནག་པོའི་ཞྭ་མགོ་གཡོགས་དུས་གློ་སྙིང་ཁ་ནས་ཐོན་ལ་ཉེ།།
འདི་དང་འདི་སོགས་བསམ་ཞིང་བསམས་ན་གུ་ཡངས་དཀྱེལ་ཆེའི་ཐུགས་ཀ་ཆེ།
།
མལ་གོས་བར་ནས་རུམ་དུས་མ་རེད་རིགས་མཐུན་སྤུན་དང་ཤ་ཉེ་གྲོགས།།
དེ་དང་དེ་སོགས་དྲན་ཞིང་དྲན་ན་རེ་བའི་མིག་ཞགས་གྲིབ་གཟུགས་ཆེ།།
ཉིན་མོ་བསྐྱལ་ནས་སྒུག་དུས་མ་རེད་བདག་གི་ཕུ་ནུ་མིང་སྲིང་ཚོགས།།
སྒོམ་དང་སྒྲུབ་པའི་རྟོགས་ལྡན་ཡོད་ན་རྫུ་འཕྲུལ་ངོ་མ་བསྟན་རན་རེད།།
ལྷ་དང་སྲུང་མའི་རྒྱབ་རྟེན་ཡོད་ན་དེ་དག་དངོས་སུ་འདྲེན་རན་རེད།།
མཐུ་དང་ནུས་པའི་སྟོབས་ཤུགས་རྒྱས་ན་ད་ལྟ་ངོ་མ་སྤྱོད་རན་རེད།།
རྩོད་དང་རིགས་པའི་ཁ་པོ་ལྡན་ན་ད་དུས་དངོས་སུ་རྩོད་རན་རེད།།
འཕུར་རྩལ་བྱ་ཡི་ནམ་འཕང་ཆོད་ན་ད་དུས་མཁའ་ལ་འཕུར་རན་སོང་།།
རྐྱལ་རྩལ་ཉ་ཡི་མཚོ་མཐའ་འཁོར་ན་ད་དུས་མཚོ་མོ་བསྐོར་རན་སོང་།།
གཡོ་རྒན་ཝ་ཡི་འཇབ་ལུགས་ཤེས་ན་ད་དུས་དགྲ་ལ་འཇབ་རན་སོང་།།
ཅེ་སྤྱང་སྨུག་པོའི་ཚོགས་རུབ་ཤེས་ན་ད་དུས་དགྲ་ལ་རུབ་རན་སོང་།།
མེས་དབོན་རྣམ་གསུམ་ལོ་རྒྱུས་བཀོད་ན་ད་ལྟ་དངོས་སུ་འགོད་རན་གདའ།།
གེ་སར་རྒྱལ་པོའི་གླིང་སྒྲུང་བྲིས་ན་ད་ལྟ་དངོས་སུ་བྲི་རན་གདའ།།
དེད་དཔོན་སྙིང་རྗེའི་རྟོགས་བརྗོད་འཁྲབ་ན་ད་ལྟ་དངོས་སུ་འཁྲབ་རན་གདའ།།
གྷན་དྷི་ཆེན་པོའི་ལོ་རྒྱུས་བརྐུས་ན་ད་ལྟ་དངོས་སུ་རྐུ་རན་གདའ།།
༢༠༡༢།༠༤།༡༥ ཉིན།
Comments