པདྨ་ཤྲིའི་མཛེས་རྒྱན།
འདི་ན་རིག་པའི་ཕོ་རྒོད་དར་མས་སྨྱུག་རྩེ་པད་མའི་ཅོད་པན་གྱིས།།
ཀཱ་ཤིའི་མཁའ་དབྱིངས་བ་དན་སྔོན་མོར་རྒྱལ་ཁའི་རྒྱལ་མཚན་འགྲེངས་མཛད་པར།།
མཐའ་ཡངས་མཚོ་མོའི་ཕང་པ་དྲོན་མོར་སྒེག་ཆང་ལངས་འཚོ་འཛིན་བཞུགས་མ།།
ལྷ་ཡི་བུ་མོ་འོད་དཀར་ཅན་མས་ཏམ་བུའི་སྒྲ་དབྱངས་མྱུར་དུ་སྒྲོགས།།
ལྷག་རླུང་ངར་མས་ཤར་ནས་བདས་ཅིང་མཁའ་ཐར་སྤྲིན་ཕུང་གཏིབས་པ་ཡིས།།
མཐོ་སྒང་ཁ་བའི་བུ་ཡུག་བཙན་པས་གངས་ལྷ་སྒེག་མོ་ཁ་འདར་ཤོར།།
བོད་ཡུལ་དབུས་ཀྱི་ས་གཞི་ཆེན་པོ་ངུ་སྒྲའི་དབྱངས་ཀྱིས་མནལ་བསླངས་དུས།།
ཡམ་ཡུམ་ཟུང་གི་བྱམས་བརྩེ་དྲོན་མོས་ཁྱོད་ལ་ཕུགས་བལྟས་འདི་བྱིན་ངེས།།
ཇག་ཚོགས་དམར་པོའི་འདྲེ་ལག་འོག་ནས་ཉམ་ཆུང་འགྲོ་བའི་དཔལ་འཕྲོག་ཀྱང་།
གངས་རིའི་འོད་དཀར་ནུབ་ཏུ་བཞུད་པས་འཁོར་ཚོགས་སྐར་མའི་རྗེས་སྙེགས་ཟབ།།
ཁྱོད་ཉིད་བྱིས་པའི་ན་ཆུང་དུས་ནས་གཞིས་ཁྱིམ་བསྐྱུར་དགོས་གདུང་བ་ལྕི།།
བཟོད་བྲལ་ལས་དབང་ཕྲག་གིས་བླངས་དུས་དཀའ་སྡུག་ཇི་འདྲ་མྱངས་ཡོད་ཨང་།།
མཁའ་དབྱིངས་ལྕགས་བྱའི་འཕུར་འགྲོ་ཟབ་ཅིང་སྣུམ་ཟ་ས་ཁར་འགུལ་ཆེ་དུས།།
རིག་གསར་སློབ་གྲྭའི་སྐྱེད་ཚལ་ཡངས་མོར་ཤེས་བྱའི་མེ་ཏོག་འཐུ་བ་ཟབ།།
གཉེན་བཤེས་དགྱེས་པའི་འཛུམ་ཞལ་སྙན་མོས་ཡང་ཡང་བསྟོད་ཅེས་གཞན་ལས་ཐོས།།
འཇིག་རྟེན་བྱ་བའི་འཚོ་བ་སྐྱུར་མོར་ཞེན་པའི་འཁོར་ལོ་རབ་ལྡོག་ནས།།
གཞོན་ནུའི་ལངས་ཚོར་མགོ་སྐྱེས་ཕྱུང་བས་ངུར་སྨྲིག་དམར་མོས་ལུས་འཐུམ་མཛེས།།
དགེ་འདུན་ཚོགས་ཀྱི་ཆོས་གྲར་ཞུགས་ནས་གཞུང་ཆེན་སྒྲོ་འདོགས་མ་བཅད་ཀྱང་།།
ཁྱོད་ཀྱི་རིག་པའི་མདུང་རྩེ་ངར་མས་དེ་དུས་དོན་སྙིང་བརྟོལ་ཡོད་ངེས།།
རིག་གནས་བཅུ་ཡི་རྒྱ་མཚོ་ཆེན་པོར་འཇུག་འདོད་སེམས་བྱུང་རབ་གཡོས་པས།།
ཤེས་རབ་གཉེན་དཔོན་གྲོགས་སུ་བཀུག་ནས་གངྒའི་ལྟོ་བར་གཟིངས་སུ་བཞོན།།
ཝཱཎའི་གཙུག་ལག་ནོར་བུའི་གླིང་ནས་དགོས་འདོད་རིག་གཞུང་ལྷུར་ལེན་དུས།།
སློབ་དཔོན་དགྱེས་པ་གསེར་ཉའི་ཚོགས་ཀྱིས་ཁྱོད་བློར་ཡང་ཡང་བསྟོད་ཅེས་གྲགས།།
ཕྱི་གླིང་སྐད་ཡིག་སྦྱངས་པ་མྱུར་བས་རྩོམ་འཆད་ཟབ་མོ་དཔལ་འབར་ཞིང་།།
ལེགས་སྦྱར་ཧིན་དྷིར་བརྩོན་པ་ཆེན་པོས་ངག་གི་དུང་སྒྲ་ཆེས་ཆེར་བསྒྲགས།།
རང་རེའི་སྐད་ལ་རྒྱུས་མངའ་ཡངས་པས་གསུམ་ཚོགས་བཞི་ལྡན་བཟུན་ཆུང་ཁྱོད།།
སྐབས་དེར་སློབ་རྭའི་འཛིན་མ་ཆེན་པོར་གསལ་བྱེད་རྒྱན་དུ་མངོན་པར་འཕྱོ།།
དབུ་མ་གོང་འོག་ལོ་རིམ་བཞི་ལ་གནས་རིམ་དང་པོའི་ལ་བརྩེགས་བསྙིལ།།
བསྟན་བཅོས་སློབ་དཔོན་ལོ་རིམ་ལྔ་ཡིས་རྩེར་སོན་སློབ་མའི་དཔེ་བཟང་བླངས།།
ཕྱིར་ཕེབས་རིག་པའི་རྣམ་དཔྱོད་ཕྱུག་མོས་གྲུབ་མཐའི་སློབ་དཔོན་དངོས་སུ་འཁུངས།།
ཤེས་བྱའི་ཁོག་འབིག་ཡོངས་སུ་ཟིན་ཡང་ཁྱོད་ཀྱི་ཡིད་འདུན་ཚིམས་མ་མྱོང་།།
འཕགས་ཡུལ་ལྷོ་མཐའི་འགྲམ་ཀོང་མཛེས་མོར་བཀའ་པོད་ལྔ་ཡི་འདུན་སར་ཆས།།
དགེ་འདུན་ཚོགས་ཀྱི་འདུས་པ་རྒྱ་མཚོར་བློ་རྩལ་མྱུར་ལ་ཟླ་མེད་པས།།
བགྲང་བྱ་ཐུང་ངུས་ལྷ་རམ་དམ་བཅར་རིག་པས་རྒྱལ་ཁྱོད་ཨེ་མ་མཚར།།
མཁས་དབང་ཆེན་པོའི་མཚན་སྙན་རྒྱས་དུས་ཉི་ཟེར་འབུམ་གྱིས་འཇིག་རྟེན་བསུས།།
ཤར་ནུབ་གང་སའི་མཐོ་སློབ་དུ་མར་ཆེད་ཕེབས་རིག་པའི་ཆུ་རྒྱུན་སྤེལ།།
ཕྱི་ནང་མཁས་པའི་བགྲོ་གླེང་དབུས་ནས་བློ་རབ་གཏེར་སྒོ་ཡངས་མོ་ཕྱེ།།
ནངས་རེ་དགོང་རེ་ཁང་ཆུང་གྲུ་བཞིར་དཔེ་ཆའི་གྲོང་ཁྱིམ་ཆད་མེད་འགྲིམས།།
སྒྲ་སྒྱུར་རིག་པའི་ཞིང་ས་ཆེན་པོར་ཁྱོད་ཀྱི་བློ་གྲོས་རྨོས་པ་ལེགས།།
དཔྱད་རྩོམ་རིག་པའི་སྤངས་ལྗོངས་སྟེང་ན་ཁྱོད་ཤེས་ཕྱུགས་ཀྱི་ཤ་ཤེད་རྒྱས།།
རྩོམ་སྒྲིག་རིག་པའི་བར་སྣང་ཡངས་མོར་ཁྱོད་ཀྱི་རྣམ་དཔྱོད་འཕུར་རྩལ་མྱུར།།
འཆད་རྒྱུན་རིག་པའི་བཞུར་རྒྱུན་དྭངས་མོར་ཁྱོད་ལྕེ་ཉ་མོའི་འགུལ་བཟོ་དོད།།
ཟམ་གདོང་བླ་མའི་ཐུགས་ཐག་ངར་མས་རེ་བཞག་ཁྱོད་ལ་བལྟས་ཉིན་ནས།།
རང་དོན་རགས་པ་རྒྱབ་ཏུ་བསྐྱུར་ནས་རིགས་ཅིག་གསར་བུའི་ལངས་འཚོའི་ཆེད།།
སློབ་ཁང་ཕྱི་ནང་ཁོར་ཡུག་སོགས་ཀྱི་འགྲོས་དང་འཛིན་གཏོང་སྟངས་སྟབས་སོགས།།
ལྗིད་ལྗིད་ཁུར་པོ་ཕྲག་ཏུ་བབས་ཀྱང་ཁྱོད་ལ་འཇིགས་པ་སྐྱེ་མ་མྱོང་།།
ཤེས་ཡོན་བརྗེ་ལེན་ལས་འཆར་གསར་མས་ཕྱི་ནང་མཐུན་སྒྲིལ་ལམ་ཡངས་ཕྱེ།།
སྲོལ་རྒྱུན་རིག་པའི་ཕོ་རྒོད་དར་མར་རིག་གསར་དགའ་མ་གཉེན་དུ་མཚར།།
ལུགས་གཉིས་ཟུང་གི་སློབ་ཁང་ཕྱུག་མོར་ཁྱོད་ཀྱིས་བློ་གྲོས་ཆར་འབེབ་པས།།
དགེ་སློབ་ཚོགས་ཀྱི་རིག་རྩལ་སྡུག་མོ་ས་ཁར་སྣ་ཚོགས་མེ་ཏོག་བཞད།།
ཕྱི་ནང་བཀོད་པའི་གཟི་བྱིན་ལྕི་མོས་མིག་ཟུང་ལོངས་སྤྱོད་སྟེར་བ་ཟབ།།
ཁོར་ཡུག་ལྡུམ་རའི་དྲི་ངད་ཞིམ་མོས་སྣ་ཡི་མགྲོན་པོར་བསུ་བ་ལེགས།།
ཀུན་ཚོགས་རིག་པའི་སློབ་ཁང་ཆེན་མོར་རྒྱལ་སྤྱིའི་གཙུག་ལག་ཁང་ཆེན་གྱི།།
མཚན་སྙན་གསར་པས་བརྒྱན་པ་མཐོང་དུས་ཁྱོད་ལ་དད་པའི་སྤུ་ལོང་གཡོ།།
སྨྲ་ལྕེ་དྭངས་མའི་ཚིག་རྒྱུན་འཇམ་པས་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར།།
རྩོད་པའི་དུང་དཀར་དངོས་སུ་འབུད་དུས་ཀུན་གྱིས་མཛའ་རྩེའི་འཛུམ་ཞལ་དགོད།།
འགྲན་མེད་ཕྱག་ཟུང་མྱུར་སྟབས་བཟང་བས་ཀུན་གྱིས་རེ་བའི་མིག་ཞགས་འཕེན།།
འཆད་རྩོད་རྩོམ་པའི་རིག་པའི་དཔའ་པོ་པདྨ་ཤྲི་མཛེས་པའི་རྒྱན།།
ཝཱཎ་སློབ་གཉེར་བདེ་ལྷན་སྐབས་སོ་བདུན་པས་ཝཱཎའི་ཉེར་བདག་ལ་རྒྱ་གར་པདྨ་ཤྲིའི་གཟེངས་རྟགས་ཐོབ་པའི་དགའ་བསུའི་ཆེད་དེབ་ཅིག་འདོན་འཆར་ཡོད་སྐོར་གྱིས་ཚོགས་པ་རེ་ནས་བསྟོད་རྩོམ་རེ་དགོས་ཞེས་སྐུལ་མ་གནང་ངོར་རང་ཉིད་ལྟོ་ཚང་བལྟ་རྟོག་ཚོགས་ཆུང་གི་ཚོགས་མིའི་ངོ་ཐོག་ནས་
༢༠༠༩།༠༣།༠༣ ཉིན།།
Comments