མེ་ཏོག་གི་བྲོ་གར།

མེ་ཏོག་གི་བྲོ་གར།
                                                         
སེམས་པ་ཁེར་འགྲོ་སྤྲིན་པ་བཞིན་དུ་རི་རྩེར་འཁྱུད་ཅིང་ཀླུང་ལ་བཞུར།།
བྱ་བྱིའུ་མྱོས་པའི་སྐད་གསང་སྙན་མོས་བུ་རམ་བཞིན་དུ་མྱོས་པར་བྱས།།
ཡུད་ཙམ་རིང་ལ་བཟི་བ་ལྟ་བུས་འཇིག་རྟེན་གཞན་གྱི་སྒོ་ཁ་རྡུང་།།
གློ་བུར་སྣང་བའི་མཛེས་སྡུག་ཅིག་གིས་འཆར་ཡན་རྨི་ལམ་དེ་མར་དཀྲོགས།།

མེ་ཏོག་དམར་སེར་ལག་གདང་སྦྲེལ་ནས་འཛུམ་དམུལ་བྲོ་གར་རྩེ་ལ་བྲེལ།།
གཡས་གཡོན་ལྗོན་པའི་ཡལ་འདབ་གཡོ་ཞིང་ཀུན་ལ་འབོད་པའི་ལག་བརྡ་བྱེད།།
ལོ་མའི་ཐོག་གི་ཟིལ་པ་རེ་རེ་བདུད་རྩི་བཞིན་དུ་འཐིག་ཅིང་འཐུང་།།
བདག་ནི་སླར་ཡང་འཐོམ་པ་ལྟ་བུས་ངོ་མཚར་ལྟད་མོའི་རྒྱ་རུ་ཚུད།།

ལྕང་མ་ལྡེམ་ལྡེམ་གཡོ་བའི་འོག་དེར་རླུང་བུ་དལ་བུར་ལྡང་ས་ན།།
ཆུ་མོ་འཁྱིལ་བའི་རླབས་ཀྱི་བར་ནས་རྐང་པ་འགུལ་ཙམ་འགུལ་ཙམ་བྱེད།།
ཉི་ཟེར་ཅུང་ཟད་འཕྲོ་ས་དེ་ན་དྲོ་གྲང་ཡོངས་སུ་སྙོམས་ས་དེར།།
མགོ་བོ་གུག་ཙམ་གུག་ཙམ་བྱེད་ཞོར་འདབ་མའི་རྩེ་ནས་མཆུ་དག་སྦྱོར།།

རྒྱུ་སྐར་ལམ་གྱི་སྐར་ཚོགས་དེ་དག་འདི་ན་ས་ཁར་ལྷུང་པ་བཞིན།།
ཆེམ་ཆེམ་འོད་ཀྱི་ངོ་མཚར་རི་མོས་ཕྱོགས་བཅུར་མཛེས་པ་ངོམས་པ་བཞིན།།
སྒོར་སྒོར་དོ་རའི་ཞལ་ཁྱིམ་དབུས་ནས་མེ་འཚག་བཞིན་དུ་འབར་བ་དེས།།
བདག་ནི་ཡོངས་སུ་བསླུས་པ་བཞིན་དང་སེམས་ནི་རྩད་ནས་བྲུས་པ་བཞིན།།

ལྟ་བཞིན་ལྟ་བཞིན་བལྟ་འདོད་དྲགས་པས་འགྲམ་དང་མདུན་དུ་བཅར་བར་བྱས།།
ཟེའུ་འབྲུའི་སོ་ཡི་མཚམས་སྒྲིག་བར་ནས་ཅི་ཞིག་སྨྲ་ན་འདོད་ལྟར་བྱེད།།
ཡལ་ག་གཡོ་བའི་མཉེན་ལྕུག་ལག་པས་བདག་ལ་འཐམ་ན་འདོད་ལྟར་བྱེད།།
སྡོང་པོ་ལྡེམ་པའི་རྐང་ངར་འདི་ཀོས་རྡོག་ཐོས་བརྒྱབ་ན་འདོད་ལྟར་བྱེད།།

སྐབས་རེ་གཡས་སུ་ཡོམ་ཡོམ་འགུལ་ཞིང་མཚམས་རེ་ནམ་མཁར་ཅེར་ཞིང་ལྟ།།
སྐམས་རེ་གཡོན་ལ་འུར་གྱིས་གཡོ་ཞིང་ལན་རེ་ས་ལ་འཛུམ་ཙམ་བྱེད།།
འགའ་ཞིག་ཅི་ཡིས་མྱོས་པ་ལྟ་བུས་འགྱེལ་བ་བཞིན་དུ་འདམ་ལ་རེག།།
རེ་གཉིས་ཡོངས་སུ་ཐོར་བ་ལྟ་བུས་ཕྱོགས་སུ་ཡང་ཡང་མཆོང་སྙམ་བྱེད།།

རྣམ་གཤིས་རྒྱུ་སའི་རྩ་དཀྱུས་མེད་ཀྱང་སྲོག་ལྡན་ཀུན་གྱི་མཛེས་པ་འཕྲོག།
པིར་རིས་མཁན་གྱི་བྲིས་པ་མིན་ཡང་ཡི་གེའི་རི་མོ་གཡོ་བར་བྱེད།།
འཕྲུལ་ཆས་ནང་གི་འགུལ་བརྙན་མིན་ཡང་ཟློས་གར་ནང་གི་མི་སྣ་འགུལ།།
འདི་ནི་སུ་ཡིས་བསྐྲུན་པ་ཨེ་ཡིན་བདག་གི་སེམས་ནི་གསོ་བར་བྱས།།
                                                                                                  ༢༠༡༨།༠༧།༡༦ ཉིན།    རིགས་གྲོལ།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།