ཐོལ་བྱུང་མཐོང་བ་འཛུམ་ཤོར།


ང་རང་།
ཁ་བ་བུ་ཡུག་འཚུབ་པའི་མཐོ་སྒང་ནས།།
གངས་ལྷ་མེ་ཏོག་འཛུམ་མདངས་འཆོར་དུས་སུ།།
ཨ་མའི་ལང་ཚོའི་བྱང་ཁོག་དྲོན་མོ་ལས།།
ངུ་སྒྲའི་དབྱངས་རྟར་བཞོན་ནས་བསླེབས་པའི་བུ།།
ཁྱོད་རང།
རྨ་བྱ་དགའ་བས་མཛེས་སྡུག་ངོམས་ས་ན།།
ཚ་ཟེར་རྔུལ་ཆུའི་མུ་ཏིག་འཁུངས་པའི་དུས།།
ཨ་མའི་མངལ་ནས་དཔལ་གྱི་འབྲས་བུ་བཞིན།།
ཀུན་གྱི་འདྲེན་བྱེད་རྒྱན་དུ་ཕེབས་པའི་སྲས།།
ར་རང།
དཔྱིད་རླུང་བསིལ་བས་ལྗོན་པའི་ས་བོན་དང།།
སིམ་སིམ་ཆར་པས་ལྗང་གཞོན་གཉེར་དུས་སོགས།།
བྱེའུ་ཆུང་འཇོལ་མོའི་གསུང་སྙན་གྲོགས་བཅོལ་ནས།།
རི་ཀླུང་ཁད་ཀྱིས་འགྲིམས་ཏེ་ལུག་རྗེས་འབྲང།།
ཁྱོད་རང།
མཁའ་ལ་ལྕགས་ཀྱི་བྱ་རྒྱལ་ཕུར་བ་དང།།
ས་ཁར་སྣམ་ཟ་སྒམ་ཆུང་འགུལ་བའི་དུས།།
རིག་གསར་སློབ་གྲྭ་དགྱེས་པའི་སྐྱེད་ཚལ་ནས།།
ཤེས་བའི་མེ་ཏོག་རྒྱས་པའི་ལང་ཚོ་འཛིན།།
ང་རང།
རྣོ་ངར་ལྕགས་ལས་བརྡུངས་པའི་དགྲ་སྟ་དང་།།
རང་བཞིན་ཤ་ཡིས་གྲུབ་པའི་ལག་འགོ་གཉིས།།
ཀུན་དང་ཁྱད་པར་ལས་ལ་འཇུག་པའི་ཚེ།།
སེམས་ཀྱི་བྱ་བར་འཁོལ་བ་གཅིག་ཏུ་ངེས།།
ཁྱོད་རང།
ཀུན་གྱིས་གཅེས་པར་བྱ་བའི་སྒོ་ཁྱི་དང།།
ནག་ཀླུང་འཇོམ་པའི་ལུས་ངན་ཝ་སྤྱང་གཉིས།།
གནས་དང་སྤུ་མདོག་འབྱེད་པའི་ཁྱད་ཙམ་ལས།།
གཞན་གྱི་ལུས་ཤ་ཟ་བའི་རང་བཞིན་གཅིག།།
ང་རང།
རིང་ནས་གཅིག་ཏུ་འགྲོག་པའི་ཆུང་གྲོགས་དང།།
ཞེ་སྡང་མེ་ལྕེ་འབར་བའི་དགྲ་མགོ་གཉིས།།
སེམས་ཀྱི་སྐྱེད་ཚལ་ཡངས་མོའི་མཁའ་དབྱིངས་ལ།།
དུག་གི་མེ་ལྕེ་འབུད་མཁན་འདྲ་འདྲ་རེད།།
ཁྱོད་རང།
ལང་ཚོའི་མེ་ཏོག་འབར་བའི་གཞོན་ནུའི་ཚོགས།།
ལྕེ་ཡི་སྦྲང་མ་མྱོས་པའི་ཀུ་ཅོའི་སྒྲ།།
ནགས་ཀླུང་མཐུག་པོའི་མཁའ་དབྱིངས་མཐོན་པོ་ནས།།
བྱ་བྱིའུ་འདོད་པའི་མགྲིན་དབྱངས་རྩེན་པ་བཞིན།།
ང་རང།
ཞོགས་པའི་ཉི་གཞོན་བུ་མོའི་འཛུམ་ཟེར་གྱིས།།
སྐྱེངས་པའི་བ་མོའི་དུ་རླངས་མཐོང་ཙ་ན།།
གངས་དཀར་ལྷུན་པོའི་རྩེ་ན་སྨུག་སྤྲིན་གྱིས།།
བཀླུབས་འདྲའི་ཕ་ཡུལ་དྲན་པའི་གདུང་བ་ལྕི།།
ཁྱོད་རང།
ཆུང་འདྲིས་བུ་མོའི་སྔོན་མིན་འགྱུར་འགྲོས་དེ།།
སེམས་སུ་ཚེར་ཡ་བཞིན་དུ་མཐོང་ན་ཡང།།
འདོད་པའི་མེ་ཏོག་མདའ་མོས་རབ་བསྣུན་པས།།
མི་མཛའི་མི་ལ་དང་བའི་གཡོག་ཏུ་འགྲོ།།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།