‘’ ཁ་བ་་་་ ཁྱོད་ཡོང་རྒྱུ་ཨེ་ཡིན། “
མདང་ནུབ་སྒོ་དང་སྒེའུ་ཁུང་གི་སེང་བར་ནས་
སྨུག་སྤྲིན་དང་ཟིལ་ཆུ་འཛུལ་བས་
འབྱུང་ལུས་ཀུན་འཁྱག་གིས་བསྡམས་རྐྱེན་
ཁ་འདར་དང་བླ་འདར་ཁྲོད་ནས་
ཁྱོད་ལ་དྲན་པའི་སྣང་བ་ལྕི་མོ་ཞིག་གིས་
ང་རང་ལྷོད་ལ་བབས་མ་ཐུབ་
རེད་ཡ་་་་་་་་
བགྲང་བྱ་བཅུ་ཕྲག་གི་ཡར་སྔོན་ན་
ཁྱོད་ཀྱི་རབ་དཀར་གྱི་ཞིལ་ཁྱིམ་སྒོར་མོར་
འཛུམ་མདངས་ཀྱི་གཟི་འོད་འཕྲོ་བཞིན་
གཡའ་དག་པའི་འཇིག་རྟེན་དེར་བསུ་བ་རེ་བྱེད་དུས་
འཁོར་བ་དེ་ཇི་འདྲའི་མཛེས་སྡུག་གིས་བཀླུབས་པའི་རྩེད་ར་ཞིག་དང་
སྦྲ་ཁྱིམ་དང་སློག་ཧྲུལ་གྱི་སེང་རས་ཡོད་ཚད་ནས་
འགྲང་ངར་གྱིས་ཇི་འདྲ་བཙན་ཡང་
སྨུག་པ་དང་སྤྲིན་པ་
བ་མོ་དང་ཟིལ་ཆུ་
ཡོད་ཚད་ནས་ཡོད་ཚད་བདེ་སྐྱིད་ཅིག་རེད་ཨང་།
འོན་ཀྱང་། ད་ཆ་
ཁྱོད་ཀྱི་འཛུམ་མདངས་དང་
འཁོར་བ་ཡི་མཛེས་སྡུག་
ད་དུང་ཡང་།
བདག་གི་བདེ་སྐྱིད་
ཐ་དག་རྨིས་ཟིན་པའི་རྨི་ལམ་ཞིག་དང་
སྒྱུ་མའི་ཁང་བཟང་ཞིག་པོ་ལྟར་
དེ་ལྟར་འགོག་མེད་ངང་གས་ཆག་ཏུ་གྱུར་སོང་།
གལ་ཏེ་་་་་་་
གྲུབ་ནས་ཞིག་པ་འཁོར་བའི་ཆོས་ཉིད་ལྟར་
ཞིག་ནས་གྲུབ་པ་ཡང་འཁོར་བའི་ཆོས་ཉིད་དང་
སྣང་བ་སྟོང་པ་སྒྱུ་མའི་རང་མདངས་བཞིན་
སྟོང་པ་སྣང་བ་ཡང་སྒྱུ་མའི་རང་མདངས་ཤིག་ཡིན་ཚེ་
ང་རང་སླར་ཡང་།
ཁྱོད་ཀྱི་པང་དུ་ལོག་ན་འདོད་ཅིང་
ཁྱོད་ཀྱི་ཁོག་ཏུ་རུམ་ན་འདོད།
2011/12/21
ཉིན།
Comments